བོད་མི་ཞིག་འཛིན་བཟུང་།

བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༣ ཉིན་ཁམས་ནག་ཆུ་རྫོང་རྟར་ཆེན་ཤང་ཨག་ཆེན་གྲོང་ཚོ་ནས་ཡིན་པའི་མིང་ལ་མཚོ་སྐྱེས་ཟེར་བ་ཞིག་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་རྗེས་གར་སོིང་ཆ་མེད་གྱུར་ཡོད་པ་རེད།

ཁོང་འཛིན་བཟུང་བྱེད་རྐྱེན་ཤག་རོང་པོ་ཆོས་རྗེའི་ཡང་སྲིད་མི་མང་གིས་ངོས་ལེན་མེད་པ་རྒྱ་གཞུང་གིས་བཙན་དབང་གིས་སྒོ་ནས་ཁྲི་འདོན་བྱས་པ་དེ་ངོས་ལེན་མེད་སྐོར་ཤུགས་ཆེན་བཤད་པའི་རྒྱུ་མཚན་ལ་བརྟེན་ནས་ཡིན་པ་ས་གནས་མི་མང་གིས་ཚོད་དཔག་བྱེད་བཞིན་ཡོད་འདུག  ཁོང་འཛིན་བཟུང་བྱས་རྗེས་ཁོང་གི་སྡོད་གནས་ཨག་ཆེན་གྲོང་ཚོ་ཡོངས་རྫོགས་དམག་མིས་བསྐོར་ཡོད་འདུག་པ་དང་། དེ་སྔོན་རོང་དགོན་གྱི་དོན་རྐྱེན་བྱུང་བ་ལ་བརྟེན་ནས་བརྡ་འཕྲིན་བརྒྱུད་ལམ་བཀག་སྡོམ་བྱས་ཡོད་པས་ཞིབ་ཕྲའི་གནས་ཚུལ་དང་། མཚོ་སྐྱེས་ས་ཆ་གང་དུ་ཁྲིད་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག

ཕྱི་ལོ་༢༠༡༠ ལོར་རོང་པོ་ཆོས་རྗེའི་ཡང་སྲིད་བཙལ་འཚོལ་སྐབས། རོང་དགོན་གྱི་བླ་མ་ཟླ་བ་༸གོང་ས་མཆོག་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་ཐོག་འཛིན་བཟུང་བཀག་ཉར་བྱས་ནས་ལོ་བདུན་གྱི་ཁྲིམས་བཅད་པ་མ་ཟད། དགོན་པར་ཕེབས་མི་ཆོག་པའི་རྒྱུ་མཚན་ལ་བརྟེན་ནས་དགེ་འདུན་པ་དང་མི་མང་གིས་སྲིད་གཞུང་ལ་ཞུ་བ་བྱས་ཀྱང་ཕན་འབྲས་མ་བྱུང་ནས། ཕྱི་ཟླ་༧ པའི་ཚེས་༣༠ ཉིན་ཤག་རོང་པོ་དགོན་དགའ་ལྡན་དར་རྒྱས་གླིང་སྒོ་རྒྱག་དགོས་བྱུང་བའི་གནས་ཚུལ་བྱུང་བ་མ་ཟད། སྡེ་དགོན་གཉིས་ཀྱི་མི་མང་དང་བཅའ་སྡོད་རུ་ཁག་བར་ལག་འཛིང་ཤོར་ནས་བཙོན་འཇུག་ཁྲིམས་ཆད་ཕོག་པའི་དུང་ཕུག་དང་བློ་བཟང་ཚེ་རིང་སོགས་བཙོན་པ་ཁག་ཅིག་ད་ལྟའི་ཆར་གློད་གྲོལ་བཏང་ཡོད་པ་རེད་འདུག

Share this:
༡༢༧ ཀློག་གྲངས།