སྡུག་བསྔལ་ཚང་མ་རང་གཅེས་འཛིན་ལས་ཡོང་གི་ཡོད།

ཐེངས་འདིར་༧གོང་ས་མཆོག་གིས་ལྡི་ལིར་ཨུ་རུ་སུའི་ཆོས་ཞུ་བ་ཚོར་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ཆོས་འབྲེལ་གནང་ཡོད་པ་དང་། ཕྱི་ཚེས་༢༤ ཉིན་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་བསྒྱུར་གྱིས་ལོ་སྔོན་མའི་འཕྲོས་ལམ་རིམ་ཁྲི་ཆེན་བཅོ་བརྒྱད་ཀྱི་ཆོས་འབྲེལ་གནང་རྒྱུ་ཡིན་པ་རེད།

2013_12_23
His Holiness

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་གནས་ཚུལ་སྤེལ་གསལ་ལྟར། ཟླ་འདིའི་ཕྱི་ཚེས་༢༡ ཉིན་༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཀེམ་པིན་སི་ཀི་ (Kempinski Hotel) གསོལ་མགྲོན་ཁང་དུ་ཨུ་རུ་སུའི་མངའ་འོག་ཏུ་ཡོད་པའི་ནང་པའི་སྤྱི་མཐུན་རྒྱལ་ཁབ་ཀལ་མུཀ་དང་། བྷུར་ཡ་ཏི། ཐུ་ཝ་གསུམ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་༡༢༠༠ བརྒལ་བ་དང་། དེ་བཞིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་སོགས་ནས་ཕེབས་པ་བཅས་ཁྱོན་མི་གྲངས་༡༣༠༠ མ་ཟིན་ཙམ་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ཆོས་འབྲེལ་གནང་ཡོད་པ་རེད་འདུག

སྐབས་དེར་༧གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་བ་ཚོར་ལམ་སྟོན་བཀའ་སློབ་གནང་དོན། དེ་རིང་ངོས་རང་ཁྱེད་རང་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། སྤྱིར་བཏང་འཛམ་གླིང་འདིའི་ནང་ཡོད་པའི་སྐྱེ་བོ་ཆོས་ཁས་ལེན་དང་མི་ལེན་མཁན་སུ་ཞིག་ཡིན་རུང་སེམས་བཟང་པོ་བྱེད་ཐུབ་ན་རང་ཉིད་ཙམ་མ་ཟད་མི་གཞན་ལ་ཡང་ཕན་ཐོགས་ཆེན་པོ་ཡོད། ཕྱོགས་གཞན་ཞིག་ནས་མ་རབས་དང་མགོ་སྐོར་བསླུ་བྲིད་བྱས་ན་སྤྱི་ཚོགས་སོགས་ལ་ཕན་ཐོགས་གང་ཡང་མེད། དེར་བརྟེན་ནང་ཆོས་དང་མ་འདྲེས་པའི་ཐོག་ནས་བསླབ་བྱ་སྤྲོད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་འགྲོ་བ་མི་རིགས་ཚང་མ་སྡུག་བསྔལ་དང་རྙོག་གྲ་མི་འདོད་མཁན་གཅིག་གྱུར་རེད། འོན་ཀྱང་སྡུག་བསྔལ་དང་རྙོག་གྲ་མང་དག་ཅིག་ང་ཚོ་མི་རང་ཉིད་ཀྱིས་བཟོ་གི་འདུག ཕྱོགས་གཅིག་ནས་རང་གཅེས་འཛིན་ཆེ་དྲགས་པ་ལས་ཡོང་བཞིན་ཡོད། གཉིས་ནས་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་མ་བལྟས་པར་གནས་ཚུལ་གཅིག་ཁོ་ནར་བལྟས་པའི་དབང་གིས་ཡོང་བཞིན་འདུག མི་འདོད་བཞིན་དུ་རྙོག་གྲ་མང་པོ་ཞིག་ཡོང་གི་ཡོད་པ་ཕལ་ཆེར་དེ་ལྟ་བུ་ལས་བྱུང་བ་རེད།

དཔེར་ན། ཆེ་ས་རྒྱལ་ཁབ་དང་ཆུང་ས་ཁྱིམ་ཚང་གི་རྙོག་གྲ་རྣམས་དེ་ལས་བྱུང་བ་ཞིག་རེད། གང་ལྟར་མིས་བཟོ་པའི་རྙོག་གྲ་དེ་དག་མཐར་གཏུག་སྐབས་གཞན་ཕན་ལྷག་བསམ་གྱིས་མ་འདང་བ་དང་། ཆོས་རབ་ཏུ་འབྱེད་པའི་རྣམ་དཔྱོད་ཀྱིས་ཕྱོགས་ཡོངས་ལ་བལྟ་རྒྱུར་མ་འདང་བའི་ཐོག་ནས་སྐྱོན་དེ་གཉིས་ཡོང་གི་ཡོད་པ་ཕལ་ཆེར་གསལ་པོ་རེད། དེར་བརྟེན་སེམས་བཟང་པོ་བྱ་རྒྱུ་རྩ་བ་ཆགས་ཡོད། སེམས་བཟང་པོ་བྱ་རྒྱུ་ཞེས་པ་དེ་ནི་ཆོས་དང་ཚེ་ཕྱི་མའི་སྐད་ཆ་གང་ཡང་མེད། ལྷག་པར་ང་ཚོ་འགྲོ་བ་མིའི་རིགས་མ་ཡི་ནུ་ཞོ་དང་བྱམས་བརྩེའི་འོག་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པར་བརྟེན། སེམས་ཅན་དུད་འགྲོ་དང་མི་འདྲ་བར་མི་རིགས་ལ་ལྟ་གྲུབ་དང་རྒྱུ་མཚན་ཐོག་ནས་ལེགས་ཉེས་དབྱེ་འབྱེད་ཐུབ་པའི་ནུས་པ་ཡོད་སྟབས། ང་ཚོ་མིར་ཕན་ཐོགས་ཡོད་པའི་བྱམས་བརྩེའི་ནུས་པ་རྒྱུ་མཚན་དང་གསལ་བཤད་སྒོ་ནས་རྒྱ་ཆེར་སྤེལ་ཐབས་བྱེད་རྒྱུའི་འགན་འཁྲི་ང་ཚོ་ཚང་མར་ཡོད། གང་ལ་ཞེ་ན། ང་ཚོ་འདི་གར་ཡོད་པ་རྣམས་འཛམ་གླིང་འདིའི་ནང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་ཁོངས་ཀྱི་ཆ་ཤས་ཆགས་ཡོད། དེར་བརྟེན་ང་ཚོས་རང་ཉིད་ཀྱི་ངོ་ཤེས་ཚོ་དང་གོ་བསྡུར་བྱས་ཐོག་བྱམས་བརྩེའི་ནུས་པ་གོང་འཕེལ་གཏོང་རྒྱུ་སྔར་ལྷག་འབད་བརྩོན་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་བསྩལ་རྗེས་ཆོས་འབྲེལ་དབུ་འཛུགས་གནང་ཡོད་པ་རེད།

ཐེངས་འདི་ཨུ་རུ་སུའི་དད་ལྡན་ཆོས་བ་ཞུ་རྣམས་ལ་༧གོང་ས་མཆོག་གིས་ཆོས་འབྲེལ་བསྐྱངས་ཐེངས་ལྔ་པ་དེ་ཆགས་ཡོད་པ་རེད།

Share this:
༡༣༡ ཀློག་གྲངས།