འཇུ་བཟུང་བྱས་རྗེས་ཀྱི་གནས་ཚུལ་ཤེས་རྟོགས་མི་འདུག

    ཕྱི་ལོ་༢༠༠༨ ཕྱི་ཟླ་༧ ཚེས་༨ ཉིན་གྱི་དགོང་མོ་གསེར་རྟ་རྫོང་ཁོངས་སུ་སྐུ་ཞི་བར་གཤེགས་པ་ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་ཕྱག་བཏབ་མཛད་པའི་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་པ་བཀྲ་ཕུན་དང༌། འགུ་དྲག ངག་ཆུང་བཅས་རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་ལྟེ་གནས་ཁྲིན་ཏུའུ་གྲོང་ཁྱེར་དུ་ཞིང་ཆེན་སྤྱི་བདེ་ཉེན་རྟོག་ཁང་ནས་འཛིན་བཟུང་བྱས་ཡོད་པ་དང༌། སྐབས་དེར་འཛིན་བཟུང་བྱས་པའི་བཀྲ་ཕུན་དང༌། འགུ་དྲག་གཉིས་རྗེས་སུ་གློད་གྲོལ་བཏང་ཡོད་ནའང༌། ངག་ཆུང་ལ་ཕྱི་ཕྱོགས་སུ་བོད་ནང་གི་གནས་སྟངས་ཁྱབ་བསྒྲགས་བྱས་པ་ལ་བརྟེན་ནས་འཇུ་བཟུང་བྱས་པ་ཡིན་ཚུལ་བརྗོད་ཡོད་དེ། ཁོང་གི་གནས་སྟངས་ད་ལྟའང་གསལ་པོ་གང་ཡང་མེད་པ་རེད།    ཁོང་གིས་ལོ་ཉི་ཤུ་ལྷག་བླ་རུང་ཆོས་སྒར་ནས་སློབ་སྦྱོང་བྱས་པ་དང༌། དགོན་པའི་ལས་སྣེ་ཆེ་ཆུང་འདྲ་མིན་ཁུར་མྱོང་བ་མ་ཟད། འཇུ་བཟུང་བྱེད་སྐབས་ཀྱང་ཆོས་སྡེ་དེའི་བཟང་སྤྱོད་ལས་ཁང་གི་འགན་ཁུར་བའི་གྲས་སུ་ཡོད་པ་རེད། བཀྲ་ཕུན་དང་ངག་ཆུང་གཉིས་ཕ་གཅིག་པའི་སྤུན་མཆེད་ཡིན་པ་རེད།།

Share this:
༡༠༡ ཀློག་གྲངས།