མ་འོངས་དཀའ་ངལ་སེལ་རྒྱུར་ད་ལྟའི་གོ་སྐབས།

སྤྱིར་ལས་དོན་འདིའི་རིགས་ནི་བོད་མི་མི་རེ་ངོ་རེའི་འདོར་དུ་མི་རུང་བའི་འགན་འཁྲི་གསོན་པོ་ཞིག་ཡིན་པས། སུ་ཞིག་མཉམ་ཞུགས་བྱས་ཀྱང་ཐུགས་རྗེའི་འཚམས་འདྲི་ཞུ་མི་དགོས་མོད། ད་རེས་མཉམ་ཞུགས་བྱེད་མཁན་མེད་སྐྱོན་ལས་ཐུགས་རྗེའི་འཚམས་འདྲི་ཞུས་པ་ཞིག་ཡིན་པས། འདིའི་ཐོག་ནས་གནད་དོན་ཞིག་ར་སྤྲོད་བྱུང་བ་གསལ་པོར་མཚོན་པས་མགོ་སེར་དེར་ང་ངོ་ཚ་དོན་ཡང་དེ་ཡིན།
    ལས་དོན་དངོས་སུ་འགོ་འཛུགས་སྐབས། དེར་ཡོད་ཀྱི་མི་ཚང་མས་གདེང་ཚོད་ལྡན་པའི་སྒོ་ནས་རང་རང་གི་བསམ་ཚུལ་ལྷུག་པོར་གསུངས་པ་དང། སྔོན་ཚུད་ནས་གྲ་སྒྲིག་ཡོད་པའི་བཀའ་ཁྲིའི་མཚན་ཐོ་བཏོན་པ་དེས་བློ་ཕམ་གྱི་ཁེངས་པའི་ངའི་སེམས་ཁམས་དེ་སྙིང་སྟོབས་དང་ཡིད་ཆེས་ཡིས་ཁེངས་པའི་འཇིག་རྟེན་གཞན་ལ་ཞིག་དྲངས་སོང། སྐབས་དེར་བཀའ་ཁྲི་གང་ཞིག་འོས་མིན་ཐད་བསམ་ཚུལ་མི་མཐུན་པ་ཆེ་ཁག་གསུམ་ལས།
ཀ་པས། བཀའ་ཁྲི་ངེས་པར་ན་གཞོན་ཞིག་དགོས་ཏེ་སྲིད་བྱུས་ཆ་ཚང་ལ་གསར་བརྗེ་ཞིག་དགོས་ཞེས་དང༌། ཁ་པས། རྒན་རབས་ཞིག་ལ་བསམ་བློ་གསར་པ་ལྡན་པ་ཞིག་དགོས་དང༌། ག་པས། ཉམས་མྱོང་ལྡན་པའི་མི་ཞིག་དགོས་ཚུལ་བཤད། བསམ་བློ་མི་མཐུན་པ་འདི་དག་གི་རང་སྟེང་ན་རྒྱུ་མཚན་རྣམ་དག་རེ་འདྲེན་རྒྱུ་ཡོད་མོད། གཙོ་ཆེ་ཤོས་ནི་སྐབས་དེར་བགྲོ་གླེང་བ་ཞིག་གིས་གསུངས་པ་བཞིན། མ་བསྒྲུབ་ན་མི་རུང་བའི་ལས་དོན་ཞིག་གསལ་སྟོན་བྱས་ཏེ་དེ་སྒྲུབ་ཐབས་སུ་ཉམས་མྱོང་དང་འཇོན་ཐང་ཐབས་རྩལ་བཅས་ཕུན་སུན་ཚོགས་པ་དེ་བཀའ་ཁྲིར་འོས་འདེམས་དགོས་པ་གནད་འགག་ཏུ་མཐོང། ལྷག་པར་ད་ལྟའི་དུས་བོད་རྒྱ་ཞི་མོལ་ཐོག་ཤུགས་གནོན་རྒྱག་དགོས་པ་གལ་ཆེ་མོད། དེ་དང་ཆབས་ཅིག་གཞིས་ཆགས་ཁག་སྲ་བརྟན་ཡོང་ཐབས་ལ་ཐུན་མིན་ཐབས་བྱུས་ལྡན་པའི་ཁར་སྲོལ་རྒྱུན་སོ་ནམ་ལས་གཞིའི་ཐོག་སྔར་ལས་གོང་འཕེལ་དང་རྒྱ་བསྐྱེད་གཏོང་འདོད་པ་ཙམ་མ་ཟད། ལས་གཞི་འདི་འཕེལ་རྒྱས་བྱུང་ན་བོད་རིགས་ཀྱི་ཁེ་ཕན་ཙམ་མིན་པར་འགྲོ་བ་སྤྱི་ཡོངས་ཀྱི་ཁེ་ཕན་དང༌། རང་བྱུང་ཁམས་ཉམས་ཆག་སླར་གསོ་ཡོང་བར་ངེས་ཤེས་རྙེད་ནས་ལག་བསྟར་རྒྱུན་འཁྱོངས་ཡོང་རྒྱུར་འབད་བརྩོན་གནང་མཁན་ཞིག་དགོས་ངེས་རེད་སྙམ། གལ་སྲིད་འདི་ལྟར་བྱུང་ན་ྋགོང་ས་མཆོག་གིས་གསུང་བཞིན་པའི་འཛམ་གླིང་སྤྱི་ཡོངས་ཀྱི་འགན་འཁྲི་ཞེས་པའི་རླབས་ཆེན་གྱི་དགོངས་གཞི་དང་མཐུན་པ་ཞིག་ཡིན། མ་བསྒྲུབ་ན་མི་རུང་བའི་ལས་དོན་འདི་དག་གི་ཐད་འཇོན་མཁན་ཞིག་བྱུང་ན་རྒན་གཞོན་གྱི་ཁྱད་པར་མེད་དེ། ཞི་མི་དཀར་ནག་གང་ཡིན་རུང་ཙི་ཙི་གསོད་ཐུབ་ན་འགྲིག་ཞེས་པ་བཞིན་ནོ།།
     ཡང་གཅིག་བཤད་ན་མང་གཙོའི་ཁེ་དབང་དང། ཕོ་མོ་འདྲ་མཉམ་གྱི་ངོས་ནས་གླེང་ན་བཀའ་ཁྲི་བུད་མེད་ཅིག་སླེབས་འོས་ལ་སླེབས་དགོས་ངེས་ཤིག་ཀྱང་རེད། ཡིན་ཡང་གལ་ཆེ་ཤོས་ནི་གོང་དུ་གླེང་བ་བཞིན་ལས་དོན་སྒྲུབ་ཐབས་ལ་གཞན་དྲིང་མི་འཇོག་པའི་བསམ་བློ་དང་ལྟ་བ་བཅས་ལ་མཁས་ཁྱད་ལྡན་མིན་ཐོག་ནས་ཐག་གཅོད་ཀྱིས་བཀའ་ཁྲི་འོས་འདེམས་བྱ་དགོས་པ་ལས། གུ་དོག་པའི་བསམ་བློ་སྟེ་བཀའ་ཁྲི་ངེས་པར་སྐྱ་བོ་ཞིག་གམ། ཡང་ན་བུད་མེད་ཅིག་དགོས་དོན་མེད། ཡིན་ཡང་ངའི་བསམ་ཚུལ་ལྟར་ན་ྋགོང་ས་མཆོག་ནམ་རྒྱུན་ན་གཞོན་ཚོས་འགན་འཁྱེར་དགོས་ཞེས་ཡང་ཡང་བཀའ་གནང་གི་ཡོད་པས་འཚོལ་ཞིབ་བྱེད་བཞིན་པའི་བཀའ་ཁྲི་དེ་ན་གཞོན་ཞིག་ཡིན་ན་ད་ལྟའི་དུས་ཚོད་འདིར་བཀའ་ཁྲིར་བསྐོ་གཞག་བྱ་རྒྱུར་འཕྱིས་མེད་ན་སྔ་མེད་སྙམ། ཕྱོགས་གཅིག་རྐྱང་པར་བསམ་ན་ད་ལྟའི་དུས་ཚོད་ནི་གནས་སྟངས་ཛ་དྲག་གི་དུས་ཚོད་ཅིག་ཡིན་མོད། ཕྱོགས་གཞན་ཞིག་ནས་བལྟས་ན་ད་ལྟའི་དུས་ཚོད་ནི་གོ་སྐབས་བཟང་པོའི་དུས་ཚོད་ཅིག་ཡིན། དེས་ན་༢༠༡༡ ལོའི་བཀའ་ཁྲི་དེ་ན་གཞོན་ཞིག་སླེབས་ན་ཉམས་མྱོང་གི་ཆ་གང་ཐད་ནས་འདང་ངེས་ཤིག་མེད་རུང། ྋགོང་ས་མཆོག་གིས་གཙོས་བཀའ་བློན་རྒན་རབས་པ་རྣམས་ནས་ལམ་སྟོན་འོག་སྲིད་དབང་འཛིན་སྐྱོང་གི་ལས་དོན་ཐོག་དེ་ཙམ་གྱིས་འཐུས་ཤོར་མི་འགྲོ་བའི་ཁར་ཉམས་མྱོང་རིམ་གསོག་གིས་མཐར་རང་སྐྱ་འཕེར་བའི་མི་འཇོན་པོ་བློས་འགེལ་ཆོག་པ་ཞིག་ཡོང་ངེས་པས་འདི་ནི་མ་འོངས་དཀའ་ངལ་སེལ་རྒྱུར་ད་ལྟའི་གོ་སྐབས་ཤིག་ཡིན། རྒན་རབས་པ་རྣམས་སྐུ་འཚོ་བཞུགས་ཐོག་ན་གཞོན་དག་ཉམས་མྱོང་ལྡན་པར་བསྒྱུར་མ་ཐུབ་ཚེ་མ་འོངས་དཀའ་ངལ་གཅིག་ཐོག་གཉིས་བབ་ཀྱིས་འབ་སུ་མི་འདུ་བའི་གནས་སུ་གྱུར་ངེས་པར་སོང༌། ན་གཞོན་རྣམས་ལ་ཉམས་མྱོང་དགོས་གལ་ཆེ། ཉམས་མྱོང་ནི་ལས་དོན་ཐོག་དངོས་སུ་འཛུལ་ཞུགས་ལམ་ནས་ཐོབ་ངེས་པ་ཞིག་ལས་ཟུར་ཞུགས་ལམ་ནས་ཐོབ་མི་ཐུབ་པའི་གནད་དོན་ཞིག་གོ།   ས་རཱ། ཚེ་བརྟན་བཀྲ་ཤིས་ཀྱིས།

Share this:
༡༠༡ ཀློག་གྲངས།