མགོའི་སྐྲ་བཞར་ཏེ་ཞི་ཅིན་ཕིན་ལ་ངོ་རྒོལ་བྱས་འདུག

ཕྱི་ཟླ་༣པའི་ཚེས་༣༡ཉིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་སྦེལ་ལྗམ་རྒྱལ་ས་བྷར་སིལ་དུ་ཡོད་པའི་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་དང་། ཡུ་རོབ་གྲོས་ཚོགས་བཅས་སུ་འཚམས་འདྲི་གཟིགས་སྐོར་ཡོང་བའི་གོ་སྐབས་དང་བསྟུན། ཡུལ་དེར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཞི་ཅིན་ཕིན་ལ་ངོ་རྒོལ་བྱས་ཡོད་པ་རེད།

bel_2014_3_31དེ་ཡང་སྦེལ་ལྗམ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱལ་ས་བྷར་སིལ་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་སྦེལ་ལྗམ་བོད་རིགས་ཚོགས་པ།  ས་གནས་གཞོན་ནུ་དང་ས་གནས་ཆུ་བཞི་སྒང་དྲུག་བཅས་མཉམ་རུབ་ཀྱིས་ཡུ་རོབ་གྲོས་ཚོགས་མདུན་ཐང་དུ་མི་མང་གི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་གོ་སྒྲིག་བྱས་པ་དང་། ལས་འགུལ་གྱི་ཐོག་མར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བྷར་སིལ་ལས་ཁང་འགན་འཛིན་སྐུ་ཞབས་Mr. Vincent Metten གྱི་ལས་འགུལ་སྐོར་ངོ་སྤྲོད་གནང་བ་དང་།  དེའི་རྗེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྐུ་ཚབ་ལྕམ་Ms. Catherine Absalom དང་།  ཡུ་རོབ་གྲོས་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་Henri Malosse  ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་གཞོན་པ་Edward McMillan-Scott སྐུ་ཚབ་དང་། འཛམ་གླིང་ཡུ་གུར་ཚོགས་པའི་སྐུ་ཚབ། རྒྱ་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ་Mona Tang།  བྷར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ། སྦེལ་ལྗམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་འཕེལ་རྒྱས་སོགས་ཀྱིས་གཏམ་བཤད་གནང་ཡོད་འདུག

ལས་འགུལ་སྐབས་བོད་ནང་རང་ལུས་མེར་སྲེག་བཏང་བའི་རྒྱལ་གཅེས་དཔའ་པོ་དཔའ་མོ་༡༢༩ ལ་རྗེས་དྲན་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དང་། ཞི་ཅིན་ཕིན་ལ་ངོ་རྒོལ་ཆེད་མགོ་སྐྲ་བཞར་བའི་ལས་འགུལ་ཞིག་སྤེལ་ཡོད་པ་དང་།ཉིན་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། ཡུ་གུར་བ་བཅས་མི་གྲངས༢༥༠ ལྷག་འདུ་འཛོམས་བྱུང་ཡོད་འདུག་ལ། སྦེལ་ལྗམ་ཉེན་རྟོག་པ་ཚོས་མེ་གསོད་འཕྲུལ་ཆས་གྲ་སྒྲིག་དང་བཅས་ལྟ་རྟོགས་ནན་མོ་བྱས་ཡོད་འདུག
ཡང་ཕྱི་ཟླ་༤ པའི་ཚེས་༡ ཉིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་སྦེལ་ལྗམ་གྱི་ས་གནས་པུ་རུ་ཇིའུ་Bruggeནང་གཟིགས་སྐོར་སྐབས། ས་གནས་དེར་གནས་སྡོད་སྦེལ་ལྗམ་བོད་རིགས་ཚོགས་པའི་རྒྱུན་ལས་ཟུར་བ་འབའ་བ་མཁས་གྲུབ་ཀྱིས་རྒྱ་སྐད་ནང་ཞི་ཅིན་ཕིན་བོད་མི་ཚོས་རང་ལུས་མེ་སྲེག་གནང་གི་ཡོད་པ་དོ་སྣང་བྱུང་སོང་ངམ། རྒྱལ་བ་རིན་པོ་བོད་ལ་ཕེབས་འཇུག་དགོས། བོད་མི་ཚོ་རང་ཡུལ་ཏུ་ལོག་འཇུག་དགོས་ཞེས་སྐད་འབོད་གནང་སྟེ་ཞི་ཅིན་ཕིན་འགྲོ་སའི་ལམ་སྟེང་ལ་མཆོང་པར་བརྟེན། ཉེན་རྟོག་པ་དང་སྐུ་སྲུང་བ་མང་པོས་ཁོ་འཇུས་ཏེ། སྐད་འབོད་འགོག་ཆེད་ཁའི་ནང་ལ་ལག་རས་བརྫངས་ཡོད་འདུག  དེ་ནས་ལག་ལྕགས་བརྒྱབ་སྟེ་ཉེན་རྟོག་ལས་ཁུངས་སུ་བཙན་ཁྲིད་བྱས་པ་དང་།  ཉིན་དེར་ས་གནས་དེར་བོད་མི་བཅུ་གསུམ་ཙམ་སྦེལ་ལྗམ་ཉེན་རྟོག་པའི་དོན་མེད་བཀག་ཉར་གནང་ཡོད་ནའང་དགོང་དྲོ་ཚང་མ་གློད་གྲོལ་བཏང་ཡོད་པ་རེད།།

Share this:
༩༦ ཀློག་གྲངས།