རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་ཁག་ཅིག

ཉེ་ཆར་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཁམས་ནག་ཆུའི་ས་ཁུལ་ཤག་རོང་པོ་ དགོན་སྡེ་གཉིས་ཀྱི་མི་མང་ལྔ་བཅུ་ལྷག་འཛིན་བཟུང་བྱས་པའི་ཁོངས་ནས།  བོད་མི་ཁག་ཅིག་གི་མིང་དང་ལོ་ཚད་སོགས་གསར་དུ་ཤེས་རྟོགས་བྱུང་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༨ ཉིན་བསྐྱར་དུ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན།   ཁ་སྔོན་མི་མང་འཇུ་བཟུང་བྱས་པའི་ནང་ནས་མི་དགུའི་མིང་དང་ལོ་ཚད་ཤེས་རྟོགས་ བྱུང་ཡོད་པ་ལས།  བློ་བཟང་ཚེ་རིང་རང་ལོ་༢༧ དང་། དུང་ཕུག་རང་ལོ་༢༦།  ཟླ་རྒྱལ་རང་ལོ་༣༥། སྐར་མ་རང་ལོ་༣༡། རྒྱ་ལྷུག་རང་ལོ་༢༨། རྒྱལ་བ་རང་ལོ་༢༩། སྲི་ཆོད་རང་ལོ་༣༩། ཆོས་དར་རང་ལོ་༢༧། བྱམས་པ་རང་ལོ་༢༡ བཅས་འཛིན་བཟུང་བྱས་རྗེས་ད་དུང་ཡང་གར་སོང་ཆ་མེད་དུ་གྱུར་ཡོེད་པ་དང་། ཁོང་རྣམས་སྟར་ཆེན་ཡུལ་ཚོའི་ཡར་ཐང་མར་ཐང་གི་གྲོང་ཚོ་བཅས་ནས་ཡིན་འདུག་ལ།  ད་དུང་གྲོང་ཚོ་གཞན་ནས་ཀྱང་མི་མང་པོ་བཟུང་བྱས་ཡོད་འདུག་ཀྱང་ས་གནས་སུ་དམ་དྲག་ ཆེ་བའི་དབང་གིས་མིང་དང་ལོ་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

བློ་བཟང་ཚེ་རིང་གི་བཟའ་ཟླ་སྒྲོལ་མ་གཡང་སྐྱིད་ཟེར་བས་རྒྱ་གཞུང་གིས་དེ་ སྔོན་བཅའ་སྡོད་རུ་ཁག་དང་། ལག་འཛིང་ཤོར་མཁན་གྱི་བོད་མི་དེ་ཚོ་རྩད་གཅོད་མི་བྱེད་པའི་ཁས་ལེན་བྱས་ཡོད་ ཀྱང་། ད་ལྟའི་ཆར་དེ་ལས་ལྡོག་སྟེ་མི་མང་འཇུ་བཟུང་བྱས་པ་མ་ཟད།   བླ་མའི་ཡང་སྲིད་ཀྱང་མིི་མང་གིས་ཁས་ལེན་མེད་པའི་ཕྲུ་གུ་ཞིག་བཙན་དབང་གིས་ སྤྲོད་ཀྱི་ཡིན་ཞེས། སྡེ་དགོན་གཉིས་ལ་ཡང་ཡང་སུན་གཙེར་ཆེན་པོ་བཟོ་བཞིན་ཡོད་པའི་གནས་ཚུལ་དེ་དག་མ་ བཟོད་ནས་རང་སྲོག་གཅོད་རྩིས་བྱས་ཡོད་འདུག

མོ་རང་གིས་བརྗོད་དོན་ལ། སྡེ་དགོན་གཉིས་ལ་སུན་གཙེར་མཚམས་འཇོག་གིས་འཛིན་བཟུང་བྱས་པའི་བོད་མི་དེ་དག་ གློད་གྲོལ་དང་། བླ་མའི་ཡང་སྲིད་བཙན་དབང་གིས་བསྐོ་བཞག་བྱ་འཆར་དེ་ཚོ་ཕྱིར་མཐེན་མ་བྱས་པ་ཡིན་ ན། རང་སྲོག་གཏོང་ངེས་ཡིན་ཞེས་བརྗོད་དེ་རང་གི་འཕྲུལ་རྟ་སར་བརྡབ་སྟེ་ད་ལྟ་ནག་ཆུ་ ས་ཁུལ་ཛ་དྲག་མྱུར་སྐྱོབས་སྨན་ཁང་དུ་ཁྱེར་དགོས་བྱུང་ཡོད་འདུག་ན་ཡང་། ནད་གཡོག་བྱེད་མཁན་ཚང་མ་སྲིད་གཞུང་གིས་ཆེད་གཏོང་བྱས་པ་མ་གཏོགས་འབྲེལ་ཡོད་ བོད་མི་འགྲོ་བཅུག་མེད་པས།  ཁོ་མོ་ཤི་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱིི་མེད་པ་རེད། སྲིད་གཞུང་གིས་ སྒྲོལ་མ་གཡང་སྐྱིད་ཀྱི་གནས་ཚུལ་འདི་མང་ཚོགས་ཀྱི་ནང་དུ་བཤད་མི་ཆོག་པའི་བཙན་ བཀའ་བཏང་ཡོད་པ་རེད།

སྒྲོལ་མ་གཡང་སྐྱིད་ཀྱི་ཕ་མིང་ལ་སྨན་པ་རྣམ་སྲས་དང་།  མ་མིང་ལ་ཆོས་དབྱིངས་སྒྲོལ་མ་ཟེར་གྱི་ཡོད་པ་དང་།    སྒྲོལ་མ་གཡང་སྐྱིད་དང་བློ་བཟང་ཚེ་རིང་གཉིས་ལ་ཕྲུ་གུ་ཆུང་ཆུང་གཉིས་ཡོད་པ་དེ་ སྲིད་གཞུང་གིས་དྭ་ཕྲུག་སློབ་གྲྭར་ཁྲིད་ཡོད་འདུག

དེ་སྔོན་འཛིན་བཟུང་བྱས་པའི་དུང་ཕུག་ཞེས་པ་དེ་ཡང་ཚབས་ཆེའི་ཉེས་རྡུང་བཏང་ ནས་སྨན་ཁང་དུ་ཁྱེར་ཡོད་ཀྱང་ད་ཆར་ཤི་གསོན་ཤོད་དཀའ་བའི་གནས་ཚུལ་འདུག  གཞན་དེ་སྔོན་འཛིན་བཟུང་བྱས་པའི་མི་དེ་དག་གི་མིང་དང་ལོ་གྲངས་ད་ལྟའི་གནས་ སྟངས་སོགས་ཤེས་ཐུབ་ཀྱི་མེད་པ་རེད་འདུག་ལ། དེ་བཞིན་ས་གནས་ཀྱི་མི་དག་ཕན་ཚུན་འགྲོ་འོང་ལ་བཀག་སྡོམ་ནན་པོ་བྱས་ནས་བཀག་ཉར་ ཁང་ལྟ་བུར་ཆགས་ཡོད་ཅེས་གནས་ཚུལ་འགྲེལ་བརྗོད་པས་ངོ་སྤྲོད་གནང་བྱུང་།

Share this:
༡༥༥ ཀློག་གྲངས།