སྦེལ་ཇིམ་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཆོས་རིག་འཛིན་སྐྱོང་ཁང།

     ད་ལྟ་འདིར་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཏུ་རེས་གཟའ་སྤེན་པ་དང་ཉི་མ་གཉིས་ཀྱི་གོ་སྐབས་བླངས་ཏེ་བོད་ཕྲུག་ཚོར་བོད་ཡིག་སློབ་བཞིན་ཡོད་ལ། རྩ་བའི་བོད་ཡིག་སློབ་དེབ་ནི་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་པར་བསྐྲུན་བྱས་པའི་སྔོན་འགྲོ་ནས་གཞི་རིམ་བར་གྱི་སློབ་དེབ་རྣམས་རྨང་གཞིར་བཟུང་ཐོག ཕྲུ་གུ་ཚོ་བོད་ཡིག་ལ་དང་དོད་དང༌། བོད་ཡིག་ཀློག་རྒྱུར་སྤྲོ་སྣང་ཡོང་ཆེད་བྱིས་པའི་སྒྲུང་དང༌། དམངས་ཁྲོད་སྒྲུང་གཏམ། མཚར་གཏམ། གབ་ཚིག ལེགས་བཤད། གཏམ་དཔེ་སོགས་ལས་གྲུབ་པའི་དུས་དེབ་ལྟ་བུ་ཞིག་ཕྲུ་གུའི་བློ་ནུས་ལ་གཞིགས་ནས་སྐབས་བསྟུན་འདོན་པར་བྱ་རྩིས་ཡོད།
    མཁྱེན་མངའ་བཞིན་རྒྱ་དམར་གཞུང་གིས་བོད་ལ་བཙན་འཛུལ་བྱས་པའི་ཉེར་ལེན་ལས་རང་རེའི་ཆོས་དང་རིག་གཞུང་ལ་དོ་ཕོག་ཆེན་པོ་བྱུང་ཡོད་པ་མ་ཟད་བོད་མི་ཧ་ཅང་མང་པོ་ཕྱིའི་རྒྱལ་ཁབ་ཁག་ལ་ཁ་འཐོར་དུ་གནས་ཡོད་སྟབས། ཡུལ་གོམས་ཆ་ལུགས་སོགས་ལ་རང་བཞིན་གྱིས་ཤུགས་རྐྱེན་ཐེབས་བཞིན་ཡོད། ཛ་དྲག་དང་ཉེན་ཁའི་དུས་སྐབས་འདིར་ང་ཚོས་ཕྱིའི་རྒྱལ་ཁབ་གང་དུ་ཡོད་ཀྱང་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་སློབ་སྦྱོང་སྤྲོད་རྒྱུ་དང༌། ཐུན་མོང་མ་ཡིན་པའི་སྐད་ཡིག་དང་ཡུལ་གོམས་ཆ་ལུགས་སོགས་བརྩི་སྲུང་དང་བརྒྱུད་འཛིན་བྱེད་མ་ཐུབ་ཚེ། ནམ་ཞིག་ང་ཚོའི་མི་རིགས་འདི་ཡང་མི་རིགས་གཞན་གྱི་ངོ་བོར་ཐིམ་འགྲོ་རྒྱུ་ཉག་གཅིག་རེད།
    ང་ཚོས་གོང་དུ་བརྗོད་པའི་དུས་དེབ་འདི་ལྟ་བུ་ཞིག་འདོན་པར་བྱས་ནས། འདི་གའི་བོད་ཕྲུག་ཚོ་བོད་ཡིག་བཀླག་རྒྱུར་དགའ་མོས་ཡོང་ཐབས་དང༌། ཞོར་དུ་བོད་ཀྱི་ཆོས་དང་རིག་གཞུང༌། ཡུལ་སྲོལ་ཆ་ལུགས་སོགས་ཀྱང་ཅུང་ཟད་རེ་ཤེས་རྟོགས་ཡོང་རྒྱུའི་རེ་བ་བཅངས་ཡོད། དེས་ན་དུས་དེབ་འདི་ལེགས་འགྲུབ་དང་རྒྱུན་འཁྱོངས་ཡོང་བར་རྒྱ་ཆེ་རྩོམ་པ་པོ་རྣམས་ཀྱིས་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་བྱིས་པའི་སྒྲུང་དང༌། དམངས་ཁྲོད་སྒྲུང་གཏམ། མཚར་གཏམ། གབ་ཚིག་བཅས་མང་ཉུང་དང་བརྗོད་དོན་སོགས་ཕྲུ་གུའི་བློ་དང་འཚམས་པ་གང་མང་བྲིས་ཏེ་གཤམ་གསལ་ཁ་བྱང་ཐོག་སྐུར་གནང་ཡོང་བའི་འབོད་སྐུལ་ཞུ།

 

Lhamo
Rue de la liniere 11,
1060 Bruxelles
Belgium
Fax: 0032 26094432
Email: tdawab@yahoo.com        ཕྱི་ལོ་༢༠༠༩ ཕྱི་ཟླ་༥ ཚེས་༡༥ ཉིན་སྦེལ་ཇིམ་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཆོས་རིག་འཛིན་སྐྱོང་ཁང་ནས།།

Share this:
༡༡༧ ཀློག་གྲངས།