རྩོམ་པ་པོ་ཇོ་ལེབས་ཟླ་བ་གློད་གྲོལ་ཐོབ་འདུག

<<དུས་རབས་ཀྱི་ང་>>ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་རྩོམ་པ་པོ་ཇོ་ལེབས་ཟླ་བ་ཕྱི་ལོ་ ༢༠༡༠ ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༡ ཉིན་ རྔ་པ་ཁུལ་གྱི་བདེ་འཇགས་མི་སྣས་རྒྱ་ནག་གི་ཁྲིན་ཏུའུ་གྲོང་ཁྱེར་ནས་འཛིན་བཟུང་བྱས་ནས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་བཙུགས་ནས་ལོ་ངོ་གསུམ་གྱི་ཁྲིམས་ཐག་བཅད་ནས། མན་ཡང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་ ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༩ པའི་ཚེས་ ༣༠ ཉིན་ཁོང་བཙོན་འཇུག་དུས་ཡུན་ལོ་ངོ་གསུམ་ཚང་ནས་བཙོན་གྲོལ་ཐོབ་ཡོད་པ་རེད།

ཇོ་ལེབས་ཟླ་བ་ནི་རྔ་བ་རྫོང་ཇོ་ལེབས་སྡེ་པའི་ལྟག་ཀ་ཚང་གི་བུ་ཡིན་པ་དང་ཁོང་རང་འཛིན་བཟུང་བྱེད་སྐབས་ཁོང་གི་གཟའ་ཟླ་འཛམ་ལྷ་ལ་བུ་ཕྲུག་གཉིས་ཡོད་པ་དང་། ཁོང་གི་བཟའ་ཟླས་ཚོང་ཁང་ཞིག་གཉེར་ནས་བསྡད་ཡོད་པ་དང་། ཟླ་བ་ནི་རྔ་བའི་གྲོང་སྡེའི་སློབ་གྲྭ་ཞིག་གི་དགེ་རྒན་ཡིན་པ་དང་ལས་ཞོར་དུ་<<དུས་རབས་ཀྱི་ང་>>ཞེས་པའི་དུས་དེབ་རྩོམ་སྒྲིག་བྱེད་བཞིན་ཡོད་པ་རེད།

ཁོང་ལ་སྔོན་ཆད་རྔ་པ་ནས་པགས་རིགས་ཀྱི་རྒྱན་གོས་མེར་སྲེག་གཏོང་སྐབས་ཀྱི་ལས་འགུལ་སྣེ་ཁྲིད་བྱས་པའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་ཟླ་གཅིག་ཙམ་རིང་རྔ་བ་རྫོང་ནས་འཛིན་བཟུང་བཀག་ཉར་བྱས་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༨་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༦ ཉིན་གྱི་ཞོགས་ཀར་རང་ཁྱིམ་ནས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ཟླ་ཤས་རིང་བཀག་ཉར་བྱས་ཡོད་པ་དང་ ཕྱི་ལོ་༢༠༡༠ ལོར་ཁོང་འཛིན་བཟུང་བྱས་རྗེས། རྔ་བ་རྫོང་ཉེན་རྟོག་མི་སྣས་ཁོང་གི་ནང་སྔོག་བཤེར་བྱས་ཏེ་གློག་ཀླད་དང་དེབ་གཟུགས་མ་ཡིན་པའི་རྩོམ་ཡིག་འགའ་རེ་འཁྱེར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་ལྟར་ ད་ལྟའི་ཆར་ཁོང་དངོས་སུ་བཙོན་གྲོལ་ཐོབ་སྐབས། ཁོང་གི་ལུས་ཅུང་སྐམ་པོ་ཆགས་ཡོད་པ་ལས་གཞན་གཟུགས་གཞིའི་གནས་སྟངས་ད་ལྟའི་ཆར་ཤེས་རྟོགས་ཐུབ་མེད་པ་རེད།།

Share this:
༡༧༦ ཀློག་གྲངས།