རྒྱ་དར་བསྒྲེངས་འཛུགས་ལ་ངོས་ལེན་མ་བྱས་པར་བརྟེན་བོད་མིར་དྲག་གནོན།

དེང་སྐབས་རྒྱ་ནག་གཞུང་གིས་ཁམས་འབྲི་རུ་རྫོང་ཁོངས་སུ་རྒྱ་ནག་གི་དར་དམར་བསྒྲེངས་འཛུགས་དགོས་པའི་བཙན་བཀའ་བཏང་བ། མི་མང་གིས་ངོས་ལེན་མ་བྱས་པར་བརྟེན། དམ་དྲག་དང་མི་མང་འཇུ་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད།

དེ་ཡང་ཕྱི་ཟླ་༩ ཚེས་༡༠ ཉིན་ནས་འབྲི་རུ་རྫོང་ལ་བོད་རང་སྐྱོང་ལྗོངས་དང་ནག་ཆུ་ས་གནས་དང་། དེ་བཞིན་ས་གནས་ཁག་གི་རྒྱ་གཞུང་གི་ལས་བྱེད་༡༨༠༠༠ ལྷག་ཙམ་འབྱོར་ནས། ཡུལ་མི་རྣམས་ལ་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དགོས་པ་དང་། སྐར་ལྔའི་དར་དམར་ཁང་ཐོག་ལ་བསྒྲེངས་འཛུགས་དགོས་པའི་བཙན་བཀའ་དང་བསམ་བློའི་སློབ་གསོ་རྒྱག་འགོ་ཚུགས་ནས། མང་ཚོགས་དང་ལས་བྱེད་བར་མི་མཐུན་པའི་འགལ་ཟླ་འགོ་ཚུགས་ཡོད་འདུག

ཟླ་ ༩ ཚེས་༢༨ ཉིན་བཙན་ཤེད་ཀྱི་དར་དམར་འཛུགས་དགོས་པའི་བཀའ་ཕབ་པ་དང་མོ་བ་གྲོང་ཚོའི་གྲོང་མི་རྣམས་ཀྱིས་མི་འདོད་པའི་རྣམ་འགྱུར་བསྟན་པ་མ་ཟད། དར་དམར་ཚང་མ་ཆུ་ལ་གཡུག་འདུག སྲིད་གཞུང་ནས་ཉེན་རྟོག་པ་དང་དམག་འབོར་ཆེན་བཏང་ནས་མང་ཚོགས་དང་དམག་མིའི་དབར་གདོང་ཐུག་བྱུང་ནས་དུས་ཡུན་ཆུ་ཚོད་གསུམ་རིང་ཕན་ཚུན་རྡོ་དང་མེ་མདའི་དྲག་འཐབ་བྱུང་ནས་མོ་བ་གྲོང་ཚོ་དང་། སྨོན་ཆེན་གྲོང་ཚོ་ཚང་མ་དམག་གིས་བསྐོར་ཡོད་པ་རེད་འདུག

ཉིན་དེར་ཉེ་འགྲམ་གྱི་སྟག་ལྷས་གྲོང་དང་། བ་རོ། སྣེ་ཤོད། ཕྲ་རིང་བཅས་ནས་དྲག་གནོན་མ་བྱེད་རོགས་ཞེས་འབོད་སྐུལ་ཞུ་མཁན། བོད་མི་བཞི་བཅུ་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་མ་ཟད། མང་ཚོགས་ནང་གནས་ཚུལ་བཟོ་མཁན་དང་ངོ་རྒོལ་བྱེད་མཁན་རྣམས་ཀྱི་ཕྲུ་གུ་སློབ་གྲྭར་འགྲོ་མི་ཆོག་པ་དང་། ནད་པ་སྨན་ཁང་དུ་སྨན་བཅོས་བྱེད་མི་ཆོག་པ། རྗེས་སུ་དབྱར་རྩ་དགུན་འབུ་བརྐོ་བར་འགྲོ་མི་ཆོག་བཅས་ཀྱི་བཙན་བཀའ་བཏང་འདུག སྲིད་གཞུང་གིས་སློབ་ཕྲུག་སློབ་གྲྭ་ནས་ཕྱིར་འཕུད་གཏོང་གི་ཡིན་ཞེས་པའི་འཇིགས་སྐུལ་བྱས་པས། ས་གནས་དེ་གའི་སློབ་མ་མང་པོ་སློབ་གྲྭ་ནས་ཐོན་ནས་སོ་སོའི་ནང་ལ་ལོག་ཡོད་འདུག

ཚེས་༢༨ དགོང་མོའི་ཆུ་ཚོད་༧ ཙམ་ནས་རྫོང་སྲིད་གཞུང་གི་སྒོ་འགྲམ་ལ་མང་ཚོགས་༡༠༠༠ ལྷག་ཙམ་གྱིས་ཆུ་ཚོད་ཉེར་བཞིའི་རིང་ཉལ་ནས་ཟས་བཅད་ཞི་རྒོལ་གྱི་ལས་འགུལ་སྤེལ་འདུག ངོ་རྒོལ་བྱེད་མཁན་ནང་ཟླ་བ་གཉིས་ལས་མ་ཕྱིན་པའི་བྱིས་པ་ཁྱེར་ནས་འབྱོར་ཡོད་པ་དང་། དེ་བཞིན་ལོ་ན་རྒན་ཤོས་ལོ་༨༣ སླེབས་པ་ཡང་ཡོད་པ་རེད།

དེའི་མཚན་མོ་རང་ལ་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཝུ་དབྱིང་ཅིས་དང་ས་གནས་དབུ་ཁྲིད་རྡོ་ཐོགས་བཅས་སླེབས་ནས་འཛིན་བཟུང་བྱས་པའི་མི་སྣ་བཞི་བཅུ་དེ་གློད་གྲོལ་བཏང་ཡོད་འདུག་ཀྱང་། མི་སྣ་༤༠ དེ་དག་གི་མགོ་ལུས་ཡོངས་རྫོགས་ལ་ལྕགས་དབྱུག་གཞུས་ནས་རྨས་སྐྱོན་ཚབས་ཆེན་བཏང་ཡོད་པ་དང་། མར་གཏོང་སྐབས་པར་མང་པོ་བརྒྱབ་པ་མ་ཟད། ལག་རིས་སོགས་ཀྱང་པར་བརྒྱབ་ནས་གློད་གྲོལ་བཏང་ཡོད་འདུག འཛིན་བཟུང་བྱས་པའི་མི་བཞི་བཅུ་དེ་དག་ནི་སྟག་ལྷས་དང་། བ་རོ། སྣེ་ཤོད། ཕྲ་རིང་ས་གནས་བཅས་ནས་ཡིན་འདུག དེ་བཞིན་མོ་བ་གྲོང་དུ་དམག་སྒར་ཆེ་བ་གཅིག་དང་། སྨོན་ཆེན། ཕྲ་རིང་བཅས་ལ་དམག་སྒར་ཆུང་བ་ཁག་གཅིག་དང་ཞིབ་བཤེར་ས་ཚུགས་ཁག་༦ ཙམ་བརྒྱབ་ཡོད་འདུག ཟླ་༡༠ ཚེས་༡ ཉིན་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་དང་། གཞིས་རྩེ། ལྷོ་ཁ་བཅས་ནས་དམག་མི་སྟོང་ཕྲག་མང་པོ་འབྲི་རུར་ཕྱིན་སོང་ཟེར་གྱི་འདུག

ད་དུང་ཉེན་རྟོག་པས་བོད་མི་མང་པོ་ཞིག་ཉིན་རེ་བཞིན་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་འདུག་ཀྱང་། ཁ་པར་དང་བརྡ་འཕྲིན་གྱི་བརྒྱུད་ལམ་ཡོངས་རྫོགས་བཀག་པས་མི་དེ་དག་ལ་མནར་གཅོད་གང་འདྲ་གཏོང་གི་ཡོད་མེད་མི་ཤེས་ལ། གྲོང་པ་ཁག་གཅིག་གི་མི་ཚང་རེ་རེའི་སྒོ་ཁར་དམག་མི་བདུན་ནས་བཅུའི་བར་ཉིན་མཚན་རེས་མོས་བཞིན་བསྡོད་བཞིན་འདུག་ཟེར། མ་གཞི་ཛ་དྲག་གི་གནས་ཚུལ་འདི་དག་གྲོང་སྡེ་གཅིག་གཉིས་ཤིག་མ་ཡིན་པར་འབྲི་རུའི་ལུང་པ་སྤྱི་ཡོངས་ལ་དཀའ་ངལ་འཕྲད་ཡོད་པ་རེད།

དེང་སྐབས་ཁམས་འབྲི་རུ་རྫོང་དུ་རྒྱ་དམར་གུང་ཁྲན་ཚང་གིས་རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་སླར་ཡང་སླེབས་པ་འདྲ་བོ་འདུག་ཅེས་ས་གནས་ནས་འགྲེལ་བརྗོད་གནང་སོང་།

༢༠༠༨ ལོ་ནས་བཟུང་བོད་ས་ཡོངས་ལ་མང་ཚོགས་ཁྲོད་དུ་བཅའ་སྡོད་ལས་བྱེད་འབོར་ཆེན་བཏང་ནས་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་དགོས་པའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཤུགས་ཆེན་སྤེལ་བའི་རྒྱུད་རིམ་ནང་འབྲི་རུ་རྫོང་ལ་ད་ལྟའི་བར་གྲུབ་འབྲས་རྩ་བ་ནས་མ་ཐོན་ཞིག་པ་རེད།།

Share this:
༡༣༦ ཀློག་གྲངས།