ལྕོག་རི་དགོན་གྱི་གྲྭ་སྨོན་ལམ་གློད་གྲོལ་བཏང་འདུག

༢༠༠༨ ལོའི་ཞི་རྒོལ་སྐབས་ཀྱི་བརྙན་པར་དང་རང་ལུས་མེར་སྲེག་སྐོར་གྱི་འོད་སྡེར་སོགས་བཙོང་སྟེ་ཚོང་འགྲེམས་བྱས་པར་བརྟེན། རྒྱ་གཞུང་གིས་འཇུ་བཟུང་བཙོན་འཇུག་བྱས་པའི་ལྕོག་རི་དགོན་གྱི་གྲྭ་སྨོན་ལམ་ཕྱི་ཟླ་༩ པའི་ཚེས་༢༨ ཉིན་གློད་གྲོལ་ཐོབ་པར་མི་མང་གིས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་བྱས་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་༤ ཉིན་འབྲེལ་ཡོད་ཀྱིས་འདི་གར་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། གྲྭ་སྨོན་ལམ་ནི་ཁམས་ཏྲེ་ཧོར་(བྲག་འགོ་རྫོང་)ལྕོག་རི་དགོན་པའི་གྲྭ་པ་ཡིན་པ་དང་། ཁོང་གིས་རྒྱ་གཞུང་ལ་ངོ་རྒོལ་གྱི་རང་ལུས་མེར་སྲེག་སྐོར་གྱི་འོད་སྡེར་དང་༢༠༠༨ ལོའི་ཞི་རྒོལ་སྐབས་ཀྱི་བརྙན་པར་སོགས་ཟུར་དུ་ཚོང་ཁང་ནས་ཕྱིར་ཚོང་བྱས་པར་བརྟེན། ༢༠༡༢ ལོའི་ཕྱི་ཟླ་༣ པའི་ཚེས་༡༠ སྟེ། གསུམ་བཅུའི་དུས་དྲན་ཉིན་གློ་བུར་དུ་བྲག་འགོ་རྫོང་གི་ཉེན་རྟོག་པས་འཇུ་བཟུང་བྱས་པའི་རྗེས། ལོ་གསུམ་གྱི་དུས་བཀག་ཁྲིམས་ཐག་བཅད་དེ་སི་ཁྲོན་ཞིང་ཆེན་མེན་ཡཱ་གྲོང་ཁྱེར་ཤིན་ཧྭ་ངལ་རྩོལ་བསྒྱུར་བཀོད་ཁང་ཞེས་པའི་ནང་དུ་བཙོན་འཇུག་བྱས་པ་དང་། རྒྱ་གཞུང་གིས་ཁོང་ལ་སྔ་ཕྱིར་བཀག་ཉར་གྱི་སྐབས་དང་བཙོན་འཇུག་བྱས་པའི་རྗེས་སོགས་སུ་མནར་གཅོད་དང་རྡུང་རྡེག་ཚད་ལས་བརྒལ་བ་བྱས་ཡོད་འདུག་ནའང་། ད་ལྟའི་ཆར་ཁོང་གི་གཟུགས་གཞིའི་གནས་སྟངས་རྩ་བའི་ཆ་ནས་བདེ་མོ་ཡིན་པ་རེད།

༢༠༡༣ ལོའི་ཕྱི་ཟླ་༩ པའི་ཚེས་༢༨ ཉིན་ཆབ་སྲིད་བཙོན་ཟུར་གྲྭ་སྨོན་ལམ་གློ་བུར་དུ་གློད་གྲོལ་ཐོབ་ཡོད་པ་དང་། སྤྱིར་ཁོང་ལ་ལོ་གསུམ་གྱི་དུས་བཀག་ཁྲིམས་ཐག་བཅད་དེ་ད་དུང་དུས་ཡུན་ཚང་མེད་ཀྱང་། ཁོང་བཙོན་འཇུག་བྱས་སའི་ངལ་རྩོལ་བསྒྱུར་བཀོད་ཁང་དེ་སྟོང་པར་བཟོས་ཏེ་ས་གནས་གཞན་ཞིག་ཏུ་སྤོ་རྒྱུ་ཡིན་པར་བརྟེན། དུས་བཀག་གི་སྔོན་དུ་གློད་གྲོལ་བཏང་བ་ཞིག་ཡིན་འདུག་པ་དང་། ཁྱོན་ལོ་གཅིག་དང་ཕྱེད་ཀ་ཙམ་ལ་བཙོན་འཇུག་བྱས་ཡོད་པ་རེད། དེ་བཞིན་ཁོང་བཙོན་འཇུག་མ་བྱས་པའི་སྔོན་ནས་ངལ་རྩོལ་བསྒྱུར་བཀོད་ཁང་དེར་བཙོན་འཇུག་བྱེད་བཞིན་པའི་ཕ་ཡུལ་སྡེ་དགེ་ནས་ཡིན་པའི་ཆབ་སྲིད་བཙོན་པ་ཞིག་ཀྱང་ཁོང་དང་མཉམ་དུ་གློད་གྲོལ་ཐོབ་ཡོད་འདུག ཁོང་རང་ཡུལ་དུ་ལོག་སྐབས་ལྕོག་རི་དགོན་གྱི་གྲྭ་དམངས་དང་ཏྲེ་ཧོར་ས་གནས་མང་ཚོགས་ཀྱིས་ཁ་བཏགས་འཐེན་སྟེ། ཕེབས་བསུའི་སྣེ་ལེན་ཟབ་རྒྱས་བྱས་ཡོད་པ་རེད།

Share this:
༢༤༩ ཀློག་གྲངས།