འབྲོང་སྣ་དགོན་གྱི་དབུ་མཛད་ལ་ལོ་བཅོ་བརྒྱད་ཀྱི་ཁྲིམས་ཆད།

CAE4158D-2162-46DA-A805-DB9C2C74C50Dཁོང་ལ་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་པར་དང་བཀའ་སློབ་ཉར་བ་སོགས་ཀྱི་ ནག་ཉེས་བཙུགས་ཡོད་པ་དང་། གཙོ་བོ་དགོན་པ་དང་ས་གནས་ཀྱི་སློབ་གྲྭ་སོགས་བདག་སྐྱོང་ཡག་པོ་གནང་གི་ཡོད་པས། རྒྱ་གཞུང་གིས་ཉེས་འཛུགས་བྱས་པ་ཡིན་པར་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་གནང་སོང་།

ཁོང་ནི་ཡབ་འབྱུང་གནས་དང་ཡུམ་ཨ་སྒྲོལ་གཉིས་ཀྱི་སྲས་སུ་ཤར་སྣེ་གྲོང་དུ་ ༡༩༦༠ ལོ་ཙམ་ལ་འཁྲུངས་བ་དང་།  ཡབ་འབྱུང་གནས་ནི་ ༡༩༦༩ ལོར་སླར་ཡང་འབྲི་རུའི་མི་མང་གིས་ཆོས་དང་རིག་གཞུང་། རྒྱལ་ཁབ་དང་ལུང་པ་སོགས་སྲུང་སྐྱོབ་ཆེད་དུ་སྐྱེས་པ་ཡོངས་རྫོགས་དམག་ལ་ཞུགས་ ནས་འབྲི་རུ་རྫོང་ཐོག་ཏུ་རྒྱ་དམག་དང་། འཐབ་འཁྲུག་སྐབས་བོད་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཕྲོགས་པའི་ཁྲོད་དུ་རྒྱ་ དམག་གིས་བཀྲོངས་ཡོད་པ་རེད། ཁོང་གི་ཨ་ཁུ་བཀྲ་ཤིས་སྲིད་ཐར་ཞུ་བ་ཞིག་སྐབས་དེའི་དོན་རྐྱེན་འོག་སྲོག་ཁྲིམས་ ཕོག་རྐྱེན་ལོ་ངོ་གསུམ་ཙམ་རིང་རི་ལ་བྲོས་བྱོལ་དུ་ཕྱིན་པ་དང་། མཐར་ཅུང་གུ་ཡངས་བཏང་བའི་དབང་གིས་སྲོག་ཁྲིམས་ཕྱིར་འཐེན་བྱས་ཡོད་པ་རེད།

དབུ་མཛད་ཁོང་ནི་དགུང་ལོ་གཞོན་སྐབས་གདན་ས་ཆེན་མོ་དགའ་ལྡན་དུ་ཆོས་བཞུགས་ གནང་སྟེ་ནང་པ་སངས་རྒྱས་པའི་གཞུང་ལུགས་ལ་ཐོས་བསམ་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༢ ལོ་ནས་འབྲོང་སྣ་དགོན་པའི་དབུ་མཛད་དང་ ༡༩༩༨ ལོ་ནས་དགོན་པའི་འགན་ཁུར་བའི་ཕྱག་ལས་གནང་བ་མ་ཟད། ཁོང་གིས་འབྲོང་སྣ་དགོན་པའི་ཤེས་ཡོན་སློབ་གསོ་དང་། འདོན་རྟ་དབྱངས། ཐུན་མོང་མ་ཡིན་པའི་བྱེད་སྒོ་ཁག་བཅས་མདོར་ན་དགོན་པའི་ཆོས་དང་ཆབ་སྲིད་གང་ ཅིའི་ཐད་ལ་ཐུགས་ཁུར་ཆེན་པོས་ཕྱག་ལས་གནང་ཡོད་པས། སྡེ་དགོན་གཉིས་ཀས་དད་མོས་ཆེན་པོ་ཞུ་སའི་སྐྱེས་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

འབྲོང་སྣ་དགོན་བདེ་ཆེན་དཔལ་འབར་གླིང་ནི་དུས་རབས་བཅུ་གཅིག་པའི་ནང་ཕྱག་ བཏབ་པ་དང་། དུས་རབས་ཉི་ཤུའི་དཀྱིལ་གྱི་རྒྱ་དམར་གྱི་བོད་ཀྱི་ཆོས་དང་རིགས་གཞུང་གཏོར་ བཤིག་བྱེད་པའི་སྲིད་ཇུས་འོག་ནས་འབྲོང་སྣ་དགོན་པའང་རྩ་གཏོར་དུ་ཕྱིན་ཡོད་པ་ རེད། རྗེས་སུ་དགོན་པ་དེའི་མཁན་པོ་མཁྱེན་རབ་ཆོས་གྲགས་དང་དབུ་མཛད་བསྟན་འཛིན་དབང་ ཕྱུག་སོགས་གནས་བརྟན་བགྲེས་སོན་རྣམས་ཀྱིས་དགོན་པའི་རྟེན་དང་བརྟེན་པ་ཞིག་གསོ་ གནང་ནས་ད་ལྟ་དགེ་འདུན་གྱི་ཞལ་གྲངས་ ༩༠ ཙམ་ཡོད་པ་རེད།

དགོན་པ་ཞུགས་གསོ་གནང་མཁན་མཁན་པོ་མཁྱེན་རབ་ཆོས་གྲགས་ནི་ཐར་འདོད་ཀྱི་ཨ་ཁུ་ ཡིན་འདུག རྒྱ་དམར་གྱིས་བོད་བཙན་བཟུང་མ་བྱས་གོང་འབྲོང་སྣ་དགོན་པའི་མཁན་པོ་ཡིན་པ་དང་ དུས་ཟིང་སྐབས་དམ་པ་ཁོང་ཡང་ལོ་ངོ་ ༡༥ རིང་ཆབ་སྲིད་བཙོན་འཇུག་དང་མནར་གཅོད་ཚད་ལས་འདས་པ་མྱངས་དགོས་བྱུང་ཡོད་པ་རེད།

ཕྱི་ལོ་ ༢༠༡༣ གྱི་ལོ་སྨད་དང་ ༢༠༡༤ ཡི་འགོ་སྟོད་དུ་འབྲི་རུ་རྫོང་གི་སེར་སྐྱ་མང་པོས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་ དང་བོད་ཀྱི་རིག་གཞུང་བདག་སྐྱོང་གི་ལས་འགུལ་སྤེལ་བ་སོགས་ཀྱི་རྐྱེན་གྱིས་བོད་ མི་མང་པོ་འཛིན་བཟུང་བཙོན་འཇུག་དང་། རྡུང་རྡེག་ཚ་ནན་བཏང་བ་སོགས་ཀྱི་བྱ་སྤྱོད་ཁོངས་སུ་འབྲོང་སྣ་དགོན་པའི་རིག་ གནས་དགེ་རྒན་སྐལ་བཟང་དོན་གྲུབ་གཙོ་བྱས་ཏེ་གྲྭ་རྒྱུན་ཁ་ཤས་འཛིབ་བཟུང་བྱས་ ཡོད་ཅིང་། སྔ་ལོའི་ལོ་མཇུག་ལ་དགོན་པའི་ནང་དུ་རྒྱ་དམག་གིས་གྲྭ་ཤག་ཁག་སྔོག་བཤེར་བྱས་ནས་ མཐར་གྲྭ་ཤག་དང་དགོན་པར་སྒོ་ཐེལ་བརྒྱབས་པའི་གནས་ཚུལ་བྱུང་ཡོད་ལ། ད་ལྟའི་གནས་སྐབས་སུ་ཡང་དགོན་པའི་དགེ་འདུན་པ་རྣམས་ཚོགས་འཚོག་རྒྱུ་ལ་སོགས་ པའི་རྒྱུན་ལྡན་གྱི་བྱེད་སྒོ་ཁག་ཀྱང་བྱེད་དབང་མེད་པར་ལྷག་ཡོད་འདུག །

Share this:
༡༩༩ ཀློག་གྲངས།