རྒྱ་གར་ལྡེ་ར་ལྡུན་གཞིས་ཆགས་ཁག་གི་འཚོ་རྟེན་གཙོ་བོ་དགུན་ཚོང་རེད།

ཉེ་ཆར་འདི་གའི་གསར་འགོད་པ་ས་གནས་སུ་སོང་སྟེ་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་བོད་མིའི་གཞིས་སྒར་གྱི་ས་གནས་འགོ་འཛིན་འཕྲིན་ལས་འཇིགས་མེད་ལ། བོད་མིའི་གཞིས་ཆགས་ཁག་གི་གནས་སྟངས་དང་འབྲེལ་བའི་སྐོར་ལ་བཅར་འདྲི་བྱས།
ས་གནས་འགོ་འཛིན་འཕྲིན་ལས་འཇིགས་མེད་ནི་ལྷ་སར་ནས་སྐྱེས་ཤིང་༡༩༨༧ ལོར་རྒྱ་གར་དུ་འབྱོར་རྗེས། མ་སུ་རི་བོད་ཁྱིམ་སློབ་གྲྭར་ཞུགས་ཏེ་འཛིན་རིམ་༡༢ ཐོན་མཚམས། མཐོ་སློབ་ཏུ་བསྐྱོད་དེ་དཔལ་འབྱོར་རིག་པའི་སྒང་ལ་སློབ་མཐར་ཕྱིན་ཡོད་འདུག དེ་ནས་ལོ་༧ མ་ཟིན་ཙམ་གྱི་རིང་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་དུ་ཕྱག་ལས་གནང་ཡོད་པ་དང་། ཕྱི་ལོ་༢༠༡༢ ལོའི་ཟླ་༦ པ་ནས་བཟུང་རྒྱ་གར་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་བོད་མིའི་གཞིས་སྒར་གྱི་ས་གནས་འགོ་འཛིན་གྱི་ཕྱག་ལས་གནང་བཞིན་ཡོད་པ་རེད།

དྲི་བ། ལྡེ་ར་ལྡུན་ཁྱབ་ཁོངས་སུ་བོད་མིའི་གཞིས་ཆགས་ག་ཚོད་ཅིག་ཡོད་པ་དང། མི་འབོར་གྱི་གྲངས་ཚད་ག་ཚོད་ཅིག་རེད།

ལན། ལྡེ་ར་ལྡུན་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་འོག གཏན་འཇགས་གཞིས་ཆགས་༤ དང་ཁ་འཐོར་གནས་བབས་༥ བཅས་ཁྱོན་བསྡོམས་གཞིས་ཆགས་ཁག་༩ ཡོད་རེད། དེའི་ནང་ནས་གཏན་འཇགས་གཞིས་ཆགས་༤ དེ། གཙོ་བོ་རང་གཞུང་གིས་ཆེད་འཛུགས་གནང་བའི་བདེ་སྐྱིད་གླིང་གཞིས་ཆགས་དང་། དོན་གྲུབ་གླིང་གཞིས་ཆགས། གླིང་ཚང་གཞིས་ཆགས། ཚེ་རིང་དོན་ལྡན་གཞིས་ཆགས་བཅས་རེད། ཁ་འཐོར་གནས་བབས་༥ དེ། ར་སྤུར་དང་། མ་སུ་རི། ནེ་ནི་ཏཱལ། སཱ་རན་སྤུར། ཧ་རི་དུ་ཝར་བཅས་རེད། སྤྱིར་བཏང་གཞིས་ཆགས་དང་ཁ་འཐོར་གནས་བབས་ཁག་གི་མི་འབོར་དེ་༦༠༠༠ ཙམ་དང་། དེ་ནས་གདན་ས་ཁག་གི་གྲྭ་བཙུན་ཁག་དང་སློབ་ཕྲུག་ཚང་མ་བསྡོམས་ན་མི་འབོར་གྱི་གྲངས་ཚད་དེ་ཧ་ལམ་༡༠༠༠༠ ཙམ་ཟིན་གྱི་ཡོད་རེད།

དྲི་བ། གཞིས་ཆགས་དེ་དག་གི་ནང་སློབ་གྲྭ་དང་སློབ་ཕྲུག་ག་ཚོད་ཅིག་ཡོད་རེད།
ལན། ལྡེ་ར་ལྡུན་བོད་མིའི་གཞིས་ཆགས་དེ་དག་གི་ནང་མ་སུ་རི་བོད་ཁྱིམ་དང་། ར་ཇུ་སྤུར་བོད་ཁྱིམ། བདེ་སྐྱིད་གླིང་སམ་བྷོ་ཊ་ཉིན་སློབ། དོན་གྲུབ་གླིང་གཞིས་ཆགས་སུ་ཡོད་པའི་ནེ་ཧེ་རོ་དྲན་རྟེན་སློབ་གྲྭ གྷོ་རུ་མ་ཧྥེའི་བོད་ཁྱིམ་སློབ་གྲྭ་བཅས་སློབ་གྲྭ་ཆེ་ཁག་༥ ཡོད་རེད། སློབ་གྲྭ་དེ་དག་གི་ནང་སློབ་ཕྲུག་ཁྱོན་བསྡོམས་༣༥༠༠ ཙམ་ཡོད་རེད།
དྲི་བ། རྒྱ་གར་བྱང་ཕྱོགས་ཀྱི་གཞིས་ཆགས་ཁག་གི་འཚོ་རྟེན་གཙོ་བོ་ག་རེ་རེད། ལན། ལས་ཁུངས་འདིའི་ཁྱབ་ཁོངས་སུ་ཡོད་པའི་གཞིས་ཆགས་ཁག་གི་འཚོ་རྟེན་གཙོ་བོ་དེ་དགུན་ཚོང་རེད། དེའི་ནང་ནས་གླིང་ཚང་གཞིས་ཆགས་ལྟ་བུར་མཚོན་ན། དམིགས་བསལ་གྱིས་ལག་ཤེས་མཆོད་རྐོང་དང་། ཏིང་བཟོ་བ་སོགས་ཀྱི་ལག་ཤེས་གཞན་དང་མི་འདྲ་བ་ཞིག་ཡོད་པར་བརྟེན། ཁོང་ཚོའི་ཚོང་དེ་མི་འདྲ་བ་ཆགས་ཀྱི་ཡོད་རེད་མ་གཏོགས། གཞན་མང་ཆེ་བ་དགུན་ཚོང་ལ་བསྟེན་མཁན་ཤ་སྟག་རེད། ཡིན་ན་ཡང་ཁ་འཐོར་གནས་བབས་ཀྱི་ནང་ནས་སཱ་རན་སྤུར་དང་། ཧ་རི་དུ་ཝར། མ་སུ་རི་དེ་ཚོའི་ཚོང་དེ་ལོ་འཁོར་གྱི་ཚོང་འདྲ་བོ་རེད། ཁོང་རང་ཚོ་བོད་པའི་གཞིས་ཆགས་ཀྱི་ངོ་བོར་གནས་ཐུབ་པ་དེ་ཡང་ཚོང་ལ་བརྟེན་ནས་ཡོང་གི་འདུག་བསམ་པ་བྱུང་།

དྲི་བ། ལྡེ་ར་ལྡུན་ཁྱབ་ཁོངས་ཀྱི་གཞིས་ཆགས་ཁག་ལ་མཚོན་ན་ལོ་རེའི་ཕྱི་རྒྱལ་ཁག་ལ་འགྲོ་བའི་བོད་མིའི་ཁ་གྲངས་ག་ཚོད་ཅིག་རེད།
ལན།  དེའི་ཐོག་ང་ཚོས་དམིགས་བསལ་གྱིས་ཞིབ་གཤེར་བྱས་ཏེ་ཐོ་འགོད་དེ་འདྲ་བྱས་ཡོད་པ་མ་རེད། ཡིན་ན་ཡང་བོད་མི་ཕྱི་རྒྱལ་ཁག་ལ་འགྲོ་མཁན་དེ་ས་གནས་གཞན་དག་དང་འདྲ་བར་རྒྱུན་མ་ཆད་པར་ཡོང་གི་ཡོད་རེད། ང་ཚོས་འདིར་གྲངས་འབོར་བསྡུར་བ་ཡིན་ན། ཕྱི་རྒྱལ་ལ་འགྲོ་མཁན་གྱི་གྲངས་འབོར་མང་ཆེ་བ་དེ་སཱ་རན་སྤུར་ཆགས་ཀྱི་ཡོད་རེད།

དྲི་བ། གཞིས་ཆགས་ཁག་མང་པོ་ཞིག་གིས་སོ་སོའི་ཕྲུ་གུ་བོད་མིའི་སློབ་གྲྭར་མི་གཏོང་བར་རྒྱ་གར་སོགས་མི་རིགས་གཞན་གྱི་སློབ་གྲྭར་གཏོང་གི་ཡོད་རེད། ཁྱེད་རང་ལ་དེའི་ཐོག་དགོངས་ཚུལ་གང་ཡོད།
ལན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་ཤེས་ཡོན་སྲིད་ཇུས་དེ་སྤྱི་ཚོགས་ནང་ལག་བསྟར་གནང་རྗེས། གཞི་རིམ་མི་མང་ཁག་ཅིག་གི་འདུན་པ་དང་མི་མཐུན་པ་ཞིག་ཆགས་ཡོད་པར་བརྟེན། མི་དེ་དག་གིས་སོ་སོའི་ཕྲུ་གུ་བོད་མིའི་སློབ་གྲྭར་མི་གཏོང་བར་སྒེར་གྱི་སློབ་གྲྭ་དང་མི་རིགས་གཞན་གྱི་སློབ་གྲྭར་གཏོང་བའི་གནས་སྟངས་བྱུང་བ་རེད། དེ་དངོས་ཡོད་གནས་ཚུལ་རེད། རྩ་བས་ད་དུང་འགྲོ་མཁན་ཡོད་རེད། ཡིན་ན་ཡང་ཉེ་ཆར་གང་མཚམས་ཤིག་གིས་སློབ་གྲྭ་གཞན་ལས་མར་བཏོན་ཏེ་བོད་མིའི་སློབ་གྲྭར་གཏོང་བའི་འགོ་བརྩམས་པའི་འགྱུར་བ་འགྲོ་ཡི་ཡོད་རེད། དེ་བཞིན་ང་ཚོས་ག་དུས་ཡིན་ཡང་སློབ་ཕྲུག་དང་མི་མང་འདུ་འཛོམས་སྐབས་སུ་སོ་སོའི་ཕ་སྐད་སྦྱོང་དགོས་པ་གལ་གནད་ཡིན་སྐོར་དང་། ཤེས་ཡོན་སྲིད་ཇུས་ཀྱི་དགོངས་པ་བཞེས་ཕྱོགས་ཀྱི་ཐོག་གོ་རྟོགས་སྤེལ་གྱི་ཡོད་ལ། མི་མང་གི་ངོས་ནས་ཀྱང་སྔར་དང་མི་འདྲ་བར་བསམ་བློ་བཏང་སྟེ་སོ་སོའི་ཕྲུ་གུ་བོད་མིའི་སློབ་གྲྭར་གཏོང་གི་འདུག་བསམ་པ་བྱུང་།

དྲི་བ། འདིར་སོ་ནམ་ཞིང་ལས་དང་བཟོ་ལས་ཀྱི་ཐོན་ཁུངས་ག་འདྲ་ཡོད་པ་རེད།
ལན། ང་ཚོ་འདིར་སོ་ནམ་ཞིང་ལས་ཀྱི་ཐོན་ཁུངས་རྩ་བ་ནས་ཡོད་མ་རེད་ལབ་ན་ཡང་འགྲིག་གི་ཡོད་རེད། ཡིན་ན་ཡང་ཐོག་མའི་དམིགས་ཡུལ་ལྟར་བྱས་ན་བཟོ་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་བའི་གནས་སྟངས་བྱུང་བ་རེད། ཡིན་ན་ཡང་ཕྱིེས་སུ་རྒྱ་གར་ནང་ཚོང་ལས་ཤུགས་ཆེན་པོ་དར་ཡོང་དུས། བཟོ་ལས་ལ་དོ་དབྱིངས་མེད་པ་དང་ཡོང་འབབ་ཆེན་པོ་རག་གི་མེད་པར་བརྟེན། སོ་སོའི་ཐོག་མའི་དམིགས་ཡུལ་ལ་འགྱུར་བ་བཏང་སྟེ་ཚོང་ལས་བྱས་པའི་གནས་སྟངས་ཆགས་འདུག ཡིན་ན་ཡང་ཁྱབ་ཁོངས་འདིར་གཞུང་གིས་ཆེད་འཛུགས་གནང་བཞག་པ་དེ་བདེ་སྐྱིད་གླིང་ལག་ཤེས་བཟོ་གྲྭ་དེ་ཡོད་པ་རེད། དེའི་ནང་ང་ཚོས་པང་གདན་དང། སྤོས་བཟོ་ཡི་ཡོད་རེད། དེ་ནས་ར་ཇུ་སྤུར་དུ་བོད་མིའི་མཉམ་ལས་བཟོ་གྲྭ་ཡོད་རེད། དེ་བཞིན་གླིང་ཚང་གི་གནས་སྟངས་དེ་ཡང་བཟོ་ལས་ཀྱི་ཐོན་ཁུངས་ཚོང་འགྲེམས་བྱས་ནས་བསྡད་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད།

དྲི་བ། ཁྱེད་རང་གིས་ད་ལྟའི་བཀའ་ཤག་དང་མི་མང་དབར་གྱི་འབྲེལ་བ་དེ་ག་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད།
ལན། ད་ལྟའི་བཀའ་ཤག་དང་མི་མང་དབར་གྱི་འབྲེལ་བ་ཐག་ཉེ་པོ་ཞེ་དྲག་རེད་བསམ་གྱི་ཡོད། རྒྱུ་མཚན་གང་ཡིན་ཟེར་ན། དེ་སྔའི་བཀའ་ཤག་དང་མི་འདྲ་བར་བཀའ་བློན་རྣམ་པ་ཕྱོགས་བསྐྱོད་ལ་འགྲོ་བ་དང། མི་མང་ཡོད་སའི་གཞིས་ཆགས་ཁག་ལ་ཕེབས་ཏེ་མི་མང་དང་འབྲེལ་བ་ཤུགས་ཆེན་པོ་བྱེད་ཀྱི་ཡོད་རེད་ལ། དེ་བཞིན་བཀའ་ཤག་གི་དགོངས་པའི་ནང་དུ་ཡང་མི་མང་གཙོ་བོ་བྱས་ནས་ཕྱག་ལས་གནང་གི་ཡོད་པར་བརྟེན་མི་མང་དང་འབྲེལ་ཐག་ཉེ་པོ་རེད་བསམ་གྱི་ཡོད། ས་གནས་འདིར་མཚོན་ན། དགོན་སྡེ་དང་སློབ་གྲྭ་གཙོས་པའི་བོད་མིའི་སྒྲིག་འཛུགས་ཁག་གི་ནང་འཕྲོད་བསྟེན་བཀའ་བློན་འཚམས་གཟིགས་ལ་བཅར་ཡོད་རེད་ལ། དེ་བཞིན་སྲིད་སྐྱོང་ཡང་འཚམས་གཟིགས་སུ་ཕེབས་ཏེ་མི་མང་དང་སློབ་གྲྭ་ཁག་གི་ནང་རྒྱུས་ལོན་གནང་ཡོད་རེད། མདོར་བསྡུས་ན་ད་ལྟའི་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས་དེ་མི་མང་དང་འབྲེལ་བ་ཉེ་པོ་ཞེ་དྲག་རེད།

དྲི་བ། ཁྱེད་རང་གིས་བལྟས་ན་བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་གྱི་ཆུ་ཚད་དེ་ཚད་ག་འདྲ་ཞིག་རེད།
ལན། སྤྱིར་བཏང་གི་ཤེས་ཡོན་ལ་རིམ་པ་མང་པོ་ཡོད་རེད། བཙན་བྱོལ་སྤྱི་ཚོགས་ནང་ཕལ་ཆེར་ཡིག་རྨོངས་ཡོད་མ་རེད་ཅེས་ལབ་ན་ཡང་འགྲིག་ཡོད་པ་རེད་བསམ་གྱི་ཡོད། ཡིན་ན་ཡང་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་དགོངས་གཞིའི་འོག་འབད་བརྩོན་བྱས་པ་ལྟར། བོད་རིགས་གཞོན་སྐྱེས་ཚོའི་ནང་རིགས་གཅིག་རྐང་འཛིན་གྱི་གྲངས་འབོར་དེ་ཉུང་ཉུང་རེད་བསམ་གྱི་འདུག

དྲི་བ། བདེ་སྐྱིད་གླིང་སམ་བྷོ་ཊའི་ཉིན་སློབ་ཀྱི་དགེ་རྒན་ཚོར་ལས་ཤག་མེད་པའི་དཀའ་ངལ་ཞིག་སྔོན་མ་ནས་འཕྲད་ཡོད་འདུག་ལ། ད་དུང་ཡང་དེའི་དཀའ་ངལ་དེ་མུ་མཐུད་འཕྲད་བཞིན་པ་རེད། དེའི་ཐོག་ས་གནས་འགོ་འཛིན་གཙོས་པས་འབྲེལ་ཡོད་ཚོས་རོགས་རམ་གནང་ཐབས་ཡོད་རེད་དམ།
ལན། སམ་བྷོ་ཊ་ཉིན་སློབ་ཀྱི་གནས་སྟངས་དེ་རྩ་བས་ཁོ་རང་ཚོར་ལས་ཤག་ཡོད་ཡོད་པ་རེད། ཡིན་ན་ཡང་ལས་ཤག་གིས་མ་འདང་བའི་རྐྱེན་གྱིས་ལས་བྱེད་ཁག་ཅིག་ཕྱི་ལོགས་སུ་བཞུགས་ཀྱི་ཡོད་པ་དེ་དངོས་ཡོད་གནས་ཚུལ་རེད། ང་ཚོར་ཆ་བཞག་ན། ང་ཚོ་ས་གནས་འགོ་འཛིན་ལས་ཁུངས་ལ་ལས་ཤག་ཅིག་ཡོད་རེད། ལས་ཤག་དེར་ཁང་མིག་བརྒྱད་ཡོད་རེད། དེའི་ནང་ལས་ཁང་མིག་ལྔའི་ནང་ང་རང་ཚོའི་ལས་བྱེད་བསྡད་ཡོད་རེད། གཞན་གཅིག་གི་ནང་སམ་བྷོ་ཊའི་དགེ་རྒན་ཞིག་བཞུགས་ཡོད། དེ་མིན་གཅིག་གི་ནང་འཕྲོད་བསྟེན་གྱི་ལས་བྱེད་ཅིག་བཞུགས་ཡོད་རེད། གཅིག་སྟོང་པ་ཡོད་པ་དེའི་ནང་སྐྱེལ་འདྲེན་རླངས་འཁོར་ཁ་བ་ཞིག་འཇོག་རྩིིས་བྱས་ཡོད། ང་རང་ཚོར་གང་ཡོད་པ་དེ་གང་ཐུབ་ཀྱིས་མཐུན་འགྱུར་ཞུ་བཞིན་ཡོད། ཡང་ངས་གོ་ཚོད་ལྟར་བྱས་ན་སློབ་གྲྭའི་ངོས་ནས་ཤེས་རིག་ལས་ཁུངས་ལ་ལས་ཤག་ཅིག་དགོས་པའི་ལས་འཆར་ཕུལ་ཡོད་ས་རེད། །

Share this:
༣༢༦ ཀློག་གྲངས།