རྒྱ་ནག་ཏུ་མང་ཚོགས་ཀྱིས་གྲོང་ཁྱེར་དོ་དམ་པ་རུབ་རྡུང་།

རྒྱ་ནག་ཀྲི་ཅང་ཞིང་ཆེན་ཝེན་ཀྲུའུ་གྲོང་ཁྱེར་ཚཱང་ནན་རྫོང་གི་གྲོང་ཁྱེར་སྐོར་སྲུང་བས་སྐྱེས་པ་ཞིག་ལ་དོན་མེད་དུ་ཉེས་རྡུང་བཏང་བའི་རྐྱེན་གྱིས། མང་ཚོགས་སྟོང་ཚོ་བརྒལ་བས་གྲོང་ཁྱེར་དོ་དོམ་པ་མཐའ་བསྐོར་ཏེ་རུབ་རྡུང་བྱས་ཡོད་པ་རེད།

ཕྱི་ཟླ་༤ པའི་ཚེས་༡༩ ཉིན་གྱི་སྔ་དྲོར། ཚཱང་ནན་རྫོང་གི་གྲོང་ཁྱེར་སྐོར་སྲུང་བས་ལམ་མདོ་ཞིག་ཏུ་ཐང་ཁྲོམ་བསྟན་ཏེ་སྔོ་ཚོད་བཙོང་མཁན་གྱི་བུད་མེད་ཅིག་ས་ཆ་དེ་ནས་ཕྱིར་འབུད་གཏོང་སྐབས། རང་ལོ་༣༡ ཡིན་པའི་སྐྱེས་པ་ཞིག་གིས་པར་བླངས་པའི་མཇུག་འབྲས་སུ། གྲོང་ཁྱེར་སྐོར་སྲུང་བས་སྐྱེས་པ་དེ་ལ་ཁུ་ཚུར་དང་རྡོག་ཐོ།ཐོ་བ་སོགས་ཀྱིས་ཉེས་རྡུང་ཚབས་ཆེ་བཏང་སྟེ་དྲན་མེད་དུ་བརྒྱལ་ཡོད་པ་དང་། དོན་རྐྱེན་དེ་བྱུང་མ་ཐག་མི་ཚོགས་ཧ་ཅང་མང་པོ་ས་གནས་དེར་འདུ་འཛོམས་བྱུང་སྟེ། རྨས་སྐྱོན་ཕོག་པའི་སྐྱེས་པ་དེ་སྨན་ཁང་དུ་བསྐྱལ་ཡོད་པ་མ་ཟད། མི་ཚོགས་ཁོང་ཁྲོ་ཆེན་པོའི་འོག་གྲོང་ཁྱེར་དོ་དམ་པའི་མོ་ཊའི་མཐའ་བསྐོར་ཏེ་མོ་ཊ་ཨ་ལོག་བརྒྱབ་པ་དང་། སྐོར་སྲུང་བ་མི་༥ ལ་རྡོ་གཞུས་ཏེ་གཟུགས་པོ་ཡོངས་རྫོགས་ཁྲག་གིས་ཁེངས་ཡོད་པ་རེད།

ས་གནས་དེར་མི་གྲངས་ག་ལེར་མང་དུ་ཕྱིན་ཏེ་མང་ཚོགས་སྟོང་ཚོ་བརྒལ་བར་འདུ་འཛོམས་བྱུང་ཡོད་པ་དང་། མཇུག་མཐར་སྟངས་འཛིན་བྱེད་ཐབས་མེད་པར་གྱུར་ཏེ་ཉེན་རྟོག་པའི་རླངས་འཁོར་དང་། མྱུར་སྐྱོབ་རླངས་འཁོར། གྲོང་ཁྱེར་དོ་དམ་པའི་རླངས་འཁོར་སོགས་ཡོངས་རྫོགས་གཏོར་བཅག་བཏང་ཡོད་པ་དང་། ཆུ་ཚོད་༦ གཡས་གཡོན་དུ་སྲིད་གཞུང་གིས་མངགས་པའི་དམིགས་བསལ་ཉེན་རྟོག་པ་དང་། དྲག་ཆས་ཉེན་རྟོག་པ་བརྒྱ་ཕྲག་བརྒལ་བ་ས་གནས་དེར་འབྱོར་ཏེ། མི་ཚོགས་དཀྱིལ་དུ་དུག་རླངས་ཧ་ཅང་མང་པོ་འཕངས་ཏེ་མང་ཚོགས་ཁ་གཏོར་པའི་རྗེས། ཉེས་རྡུང་ཐེབས་པའི་སྐོར་སྲུང་བ་ས་གནས་ཀྱི་སྨན་ཁང་དུ་བསྐྱལ་ཡོད་འདུག

རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁ20140420093423939ག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཉིན་དེའི་སྔ་དྲོར་ཉེས་རྡུང་ཕོག་པའི་པར་བླངས་མཁན་གྱི་སྐྱེས་པ་དེ་ས་གནས་ཀྱི་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་ཅིང་། ཚེ་སྲོག་ལ་ཉེན་ཁ་མེད་པ་དང་། མང་ཚོགས་ཀྱིས་རུབ་རྡུང་བྱས་པའི་སྐོར་སྲུང་བ་མི་༥ ཁྲོད་ཀྱི་གཉིས་ལ་རྨས་སྐྱོན་ཚབས་ཆེ་ཕོག་ཏེ། མྱུར་སྐྱོབ་བྱེད་བཞིན་པའི་སྐབས་ཡིན་པ་རེད།

 

 

Share this:
༥༢ ཀློག་གྲངས།