ཤེས་ཡོན་སྲིད་ཇུས་གསར་པ་ལག་བསྟར་དགོས་ཀྱི་འདུག

དེང་སང་ཟབ་སྦྱོང་དེ་འདྲའི་སྐབས་མང་ཆེ་བ་དབྱིན་ཡིག་ཐོག་གནང་གི་འདུག  དེའི་གནས་ཚུལ་དེ་ཕྲུ་གུ་ཚོས་ཤེས་ཀྱི་ཡོད་རེད། བོད་ཡིག་ཞེ་དྲག་བེད་སྤྱོད་གཏོང་གི་མེད་པ་ཤེས་ཏེ་ལོ་གཉིས་ཙམ་གྱི་ནང་བོད་ཡིག་ཉམས་ཆག་ཞེ་དྲག་ཕྱིན་སོང་ཞེས་གྷོ་པལ་པུར་སློབ་གྲྭའི་དགེ་རྒན་ཚེ་རིང་ནོར་བུས་བརྗོད་བྱུང་།
དེ་ཡང་ཕྱི་ཟླ་༤ ཚེས་༤ ཉིན་འདི་གའི་གསར་འགོད་པ་ཆེད་དུ་རྒྱ་གར་ཧི་མ་ཅལ། གྷོ་པལ་པུར་བོད་ཁྱིམ་སློབ་གྲྭར་བཅར་ཏེ། སློབ་གྲྭ་དེའི་སློབ་སྤྱི་གཙོས་པས་ལོ་མང་རིང་སློབ་ཁྲིད་ཀྱི་ཉམས་མྱོང་ཡོད་པའི་བོད་ཡིག་དགེ་རྒན་ཁག་ཅིག་ལ། སྤྱིར་བཙན་བྱོལ་ནང་གི་གཞི་རིམ་སློབ་གྲྭ་ཁག་གི་སློབ་མ་ཚོའི་བོད་ཡིག་གི་ཤེས་ཚད་དང་། བྱེ་བྲག་སློབ་གྲྭ་དེའི་འཛིན་སྐྱོང་གཙོས་པས་བོད་ཡིག་དགེ་རྒན་ཚོས་སློབ་མ་ཚོའི་བོད་ཡིག་ཡར་རྒྱས་གཏོང་ཕྱོགས་ཀྱི་ཐབས་ལམ་སོགས་དང་འབྲེལ་བའི་སྐོར་ནས་བཅར་འདྲི་བྱས་ཡོད།

དགེ་རྒན་ཚེ་རིང་ཆུང་བདག bangchen.net
དགེ་རྒན་ཚེ་རིང་ཆུང་བདག

འབྲིང་རིམ་སློབ་གྲྭའི་བོད་ཡིག་དགེ་རྒན་ཚེ་རིང་ཆུང་བདག་ལ་སློབ་གྲྭ་འདིར་ད་ལོ་ནས་བཟུང་དམིགས་བསལ་གྱིས། སློབ་ཕྲུག་ཚོའི་བོད་ཡིག་སྔར་ལྷག་ཡར་རྒྱས་གཏོང་ཕྱོགས་ལ་འབད་བརྩོན་གནང་གི་ཡོད་པ་དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས་ཞེས་པར།
ཁོང་གིས་“སྤྱིར་བཏང་ང་རང་ཚོས་བོད་ཡིག་ཡར་རྒྱས་གཏོང་ཐབས་ལ་ཤུགས་རྒྱག་དགོས་པ་དེ་གལ་ཆེ་ཤོས་ཤིག་རེད། ཡིན་ཡང་སློབ་གྲྭ་འདིར་ཆ་མཚོན་ན་ལོ་སྔོན་མ་ཚོ་དང་མི་འདྲ་བར་ད་ལོར་དམིགས་བསལ་གྱིས། བོད་ཡིག་དགེ་རྒན་ཚོས་སློབ་མ་ཚོའི་བོད་ཡིག་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་ཚོགས་འདུ་ཐེངས་མང་པོར་འཚོགས་པ་རེད། ཚོགས་འདུའི་ཐོག་ལས་བྱེད་ཚོས་དུས་རྒྱུན་དུ་བོད་སྐད་གཙང་མ་བརྒྱབ་སྟེ་སློབ་ཕྲུག་ཚོར་དཔེ་སྟོན་དགོས་པ་དང་། དེ་སྔོན་བོད་ཡིག་གི་སློབ་གཞི་དམིགས་བསལ་གྱིས་ཡོད་མ་རེད། དགེ་རྒན་སོ་སོའི་ངོས་ནས་མཁོ་སྒྲུབ་བྱེད་ཀྱི་ཡོད་པ་རེད། ད་ལོར་ང་ཚོས་བོད་ཡིག་གི་སློབ་གཞི་ཚང་མ་བཟོས་ཡོད་རེད་ལ། དེ་བཞིན་ང་ཚོ་བོད་ཡིག་སྡེ་ཚན་གྱིས་རེ་སྐུལ་ཞུས་ཏེ་སློབ་སྤྱི་བརྒྱུད་ནས་ཨང་རྩིས་དང། སྤྱི་ཚོགས་ཚན་རིག་དེ་ཚོ་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ཚོ་ཡིན་ན་ཡང་སྔོན་དང་མི་འདྲ་བར། བོད་ཡིག་གི་ཡི་གཟུགས་དང་དག་ཆ་ཡན་ཆད་ནས་ཤུགས་རྒྱག་དགོས་པའི་ལས་གཞི་གསར་པ་བཟོས་ཡོད་རེད་”ཅེས་བརྗོད་བྱུང་།

ཡང་ཁོང་ལ་ཁྱེད་རང་ཚོས་བོད་ཡིག་ཡར་རྒྱས་གཏོང་ཕྱོགས་ལ་ཤུགས་རྒྱག་གི་ཡོད་པ་དེས། མ་འོངས་པར་གཞི་རིམ་སློབ་གྲྭ་ཁག་གཙོས་པས་སྤྱི་ཚོགས་ནང་ཤུགས་རྐྱེན་ག་ཚོད་ཅིག་ཐེབས་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད་ཅེས་དྲིས་པར།
ཁོང་གིས་“ང་ཚོའི་ཐོག་མའི་དམིགས་ཡུལ་ལྟར་རེ་བ་ཆེན་པོ་བྱེད་ཀྱི་ཡོད་རེད། གང་ཡིན་ཟེར་ན། ལས་གཞི་འདི་སློབ་གྲྭ་དང་དགེ་རྒན་གཅིག་པུར་གསལ་བསྒྲགས་དང་ལག་ལེན་བསྟར་བ་གཅིག་པུ་མ་རེད།  ཁྱིམ་ཚང་ཁག་གི་ཕ་མ་དང་སྤུན་མཆེད་ཚང་མར་ལས་གཞི་འདི་འགྲེལ་བཤད་རྒྱག་གི་ཡོད་རེད། དེར་བརྟེན་མ་འོངས་པར་འབྲས་བུ་ཡག་པོ་ཞིག་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཡང་ཕྱོགས་གཅིག་ནས་བཤད་ན། དེང་སང་སློབ་གྲྭ་ཚང་མའི་ནང་སློབ་ཕྲུག་ཉུང་དྲགས་པའི་དཀའ་ངལ་ཡོང་གི་ཡོད་རེད། ཡིན་ན་ཡང་ང་ཚོ་གྷོ་པལ་པུར་ལ་མཚོན་ན་སློབ་གྲྭ་གཞན་ནས་ཐོན་ཏེ་འདིར་འཛུལ་བ་དེ་འདྲའི་རིགས་མང་པོ་ཡོང་གི་འདུག  དེ་ཡང་ང་ཚོས་ཁོར་ཡུག་དང་སློབ་གྲྭ་འདི་འདྲ་ཡོད་ཟེར་ནས་གསལ་བསྒྲགས་དེ་འདྲ་གང་ཡང་བྱེད་ཀྱི་ཡོད་མ་རེད། དེ་ཚང་མས་མཁྱེན་གསལ་རེད། ཡིན་ན་ཡང་ཁོ་རང་ཚོས་ཞིབ་འཇུག་བྱེད་ཀྱི་ཡོད་རེད། ཕ་མ་སུ་ཡིན་ན་ཡང་སོ་སོའི་ཕྲུ་གུ་དེ་སློབ་གྲྭ་ཡག་པོ་ཞིག་ལ་གཏོང་རྒྱུའི་འདོད་པ་ཡོད་རེད། ང་ཚོས་སློབ་གྲྭ་ཡག་པོ་ཡོད་ཅེས་བཤད་པ་དེ་འདྲ་མ་རེད། ལོ་མང་པོར་འཛིན་གྲྭ་༡༢ ཀྱི་རྒྱལ་ཡོངས་ཡིག་ཚད་སྐབས་གྷོ་པལ་པུར་སློབ་གྲྭས་མུ་མཐུད་ནས་ཨང་དང་པོ་བླངས་ནས་ཡོང་བ་རེད། འབྲས་བུ་དེ་འདྲ་ཞིག་ཐོབ་ཀྱི་ཡོད་པར་བརྟེན་འདིར་ཡོང་གི་ཡོད་རེད། གྷོ་པལ་པུར་སློབ་གྲྭར་བཏང་ནས་ཕྲུ་གུའི་སྐད་ཆ་བཤད་སྟངས་ཡན་ཆད་ནས་ཡར་རྒྱས་ཡག་པོ་འགྲོ་སོང་ཞེས། ཕ་མ་ཁ་ཤས་ཐུགས་རྗེ་ཆེ་ཞེས་དགེ་རྒན་ལ་སྐད་ཆ་བཤད་སར་ཡོང་གི་འདུག་”ཅེས་བརྗོད་བྱུང་།།

དགེ་རྒན་ཚེ་རིང་ནོར་བུ། bangchen.net
དགེ་རྒན་ཚེ་རིང་ནོར་བུ།

འཛིན་གྲྭ་དགུ་པའི་དགེ་རྒན་ཚེ་རིང་ནོར་བུར་ལོ་མང་པོར་བོད་ཡིག་སློབ་ཁྲིད་བྱས་པའི་ཉམས་མྱོང་གི་ཐོག་ནས་བལྟས་ན། མ་འོངས་པར་གཞི་རིམ་སློབ་གྲྭ་ཁག་གི་བོད་ཡིག་ཤེས་ཚད་ག་འདྲ་ཆགས་ས་རེད་ཅེས་དྲིས་པར།
ཁོང་གིས་“ངས་དགེ་རྒན་བྱས་ནས་ལོ་༡༤ རེད། ༢༠༡༡ ལོར་ང་འདིར་ཡོང་དུས་སློབ་མ་ཚོ་སློབ་སྦྱོང་ཡག་པོ་དང། བོད་ཡིག་ལ་དགའ་ཞེན་འདུག སྐབས་དེར་མང་ཆེ་བ་བོད་ནས་སླེབས་མཁན་རེད། དེར་བརྟེན་སོ་སོ་ལ་ཡང་སློབ་འདོད་ཀྱི་སེམས་ཤུགས་ཡོང་གི་འདུག ཡིན་ཡང་ལོ་ཁ་ཤས་ཤིག་གི་སྔོན་ནས་བོད་ནས་ཡོང་མཁན་མེད་པ་དང། འདིར་ཡོང་མཁན་མང་ཆེ་བ་ཕྱོགས་མཐའ་ཁག་ནས་རེད། དེ་ནས་དྲང་པོར་བཤད་ན། སྔོན་མ་མཁས་དབང་ཟམ་གདོང་རིན་པོ་ཆེའི་སྐབས་སུ། ལས་རིམ་དེ་ཚོ་མང་ཆེ་བ་བོད་ཡིག་ཐོག་འབྲི་དགོས་པའི་ལས་འགུལ་སྤེལ་ཡོད་རེད། དེ་ཚོར་དངོས་གནས་དགའ་པོ་བྱུང་། དེ་བཞིན་སྔོན་མ་ཟབ་སྦྱོང་དེ་ཚོ་མང་ཆེ་བ་བོད་ཡིག་ཐོག་གནང་གི་ཡོད་རེད། ཡིན་ན་ཡང་དེང་སང་ཟབ་སྦྱོང་དེ་འདྲའི་སྐབས་མང་ཆེ་བ་དབྱིན་ཡིག་ཐོག་གནང་གི་འདུག  དེའི་གནས་ཚུལ་དེ་ཕྲུ་གུ་ཚོས་ཤེས་ཀྱི་ཡོད་རེད། བོད་ཡིག་ཞེ་དྲག་བེད་སྤྱོད་གཏོང་གི་མེད་པ་ཤེས་ཏེ་ལོ་གཉིས་ཙམ་གྱི་ནང་བོད་ཡིག་ཉམས་ཆག་ཞེ་དྲག་ཕྱིན་སོང། འདིར་སློབ་གྲྭའི་ནང་ཡོད་པ་དེ་སྤྱི་ཚོགས་ནང་བེད་སྤྱོད་ཡོད་པ་ཞིག་དགོས་ཀྱི་ཡོད་རེད། ཁ་ནས་ག་རེ་ལབ་ན་མ་ལབ་ན་སོ་སོའི་འཚོ་བའི་སྒང་ལ་འགྲོ་དགོས་ཀྱི་ཡོད་རེད། སྤྱི་ཚོགས་དང་གཞུང་ཚང་མའི་ནང་བོད་ཡིག་ཞེ་དྲག་བེད་སྤྱོད་མི་འདུག་བསམ་གྱི་ཡོད་པ་དེ་ཕྱོགས་གང་ས་ནས་མཐོང་གི་ཡོད་རེད། ཤུགས་རྐྱེན་དེའི་རྐྱེན་པས་ཉམས་ཆག་སོང་བ་རེད་བསམ་གྱི་ཡོད་”ཅེས་བརྗོད་བྱུང་།
ཡང་ཁོང་ལ་ད་ལྟའི་བཀའ་ཤག་གིས་བོད་སྐད་ཡིག་ལ་དོ་སྣང་བྱེད་ཕྱོགས་ག་འདྲ་འདུག་ཅེས་དྲིས་པར། ཁོང་གིས“་སྔོན་མ་ཟམ་གདོང་རིན་པོ་ཆེའི་སྐབས་སུ་ཤེས་རིག་ལ་སྙན་ཞུ་ཞིག་བྲིས་པ་ཡིན་ན་ཡང་བོད་ཡིག་ཐོག་འབྲི་དགོས་པའི་གནས་ཚུལ་ཞིག་འདུག ད་ལོ་ཡིན་ན་འཕྲོད་བསྟེན་ལས་ཁུངས་ཀྱིས་ང་ཚོར་ཟབ་སྦྱོང་ཞིག་སྤྲད་སོང། མང་ཆེ་བ་དབྱིན་ཇིའི་ནང་རེད་འདུག ཟབ་སྦྱོང་སྤྲོད་མཁན་དང་སྤྲོད་ས་ཚང་མ་བོད་པ་རེད། སྐབས་དེར་ང་ཚོས་དེ་འདྲ་བྱས་ན་ཡག་པོ་མི་འདུག་ཅེས་བསམ་ཚུལ་ཞུ་རྒྱུ་བྱུང་།”ཞེས་དང་།

“ད་ལྟའི་བཀའ་ཤག་ལ་མཚོན་ན་ཡང་མི་ཞིག་གི་མི་ཚེ་ལ་བསམ་བློ་གཏོང་བ་མ་གཏོགས། མི་རིགས་ཤིག་གི་མི་ཚེ་ལ་བསམ་བློ་གཏོང་གི་མི་འདུག་བསམ་གྱི་ཡོད། མི་ཞིག་གི་མི་ཚེ་སྐྱེལ་ཐུབ་ཙམ་དང་བརྒྱ་ཆ་མཐོན་པོ་ལེན་ཐུབ་ཙམ་ལས་མི་རིགས་ཤིག་གི་སྐད་ཡིག་དང་། མི་རིགས་ཤིག་གི་རིག་གཞུང་ཐོག་ལ་སློབ་གསོ་བརྒྱབ་སྟེ་གཏིང་ཟབ་པོ་ཞིག་འགྲོ་ཐུབ་ཀྱི་མི་འདུག་བསམ་གྱི་ཡོད། བརྒྱ་ཆ་ཡག་པོ་དགོས་པ་དང་། དབྱིན་ཡིག་ཡག་པོ་སྦྱངས་དགོས་པ། རྒྱལ་སྤྱིའི་ཐོག་འབུར་དུ་ཐོན་དགོས་ཟེར་བ་མ་གཏོགས་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་སྦྱངས་པ་བྱས་ཏེ། བཙན་བྱོལ་གཞུང་བཙུགས་པའི་དམིགས་ཡུལ་དེ་ཚོ་མ་བརྗེད་པ་བྱེད་དགོས་རེད་ཅེས་ད་ལྟའི་བཀའ་ཤག་གིས་སློབ་གསོ་དེ་འདྲ་རྒྱག་པ་མི་འདུག་བསམ་གྱི་ཡོད། འགོ་ཁྲིད་མཁན་གྱི་བཀའ་བློན་ཁྲི་པ་ནས་བཀའ་བློན་ཚང་མ་བོད་ཡིག་གི་གནས་ཚད་ཞེ་དྲག་སྐྱོ་པོ་རེད་འདུག ཁྱིམ་ཚང་ཞིག་ལ་མཚོན་ན་ཕ་མ་གཉིས་བོད་ཡིག་ཡག་པོ་མེད་ན་ཕྲུ་གུ་ཚོ་རང་བཞིན་གྱིས་སྐྱོ་པོ་ཆགས་ཀྱི་རེད། བཙན་བྱོལ་གཞུང་དང་ཤེས་ཡོན་གྱི་སྡེ་ཚན་ཁག་གིས་མི་ཞིག་གི་མི་ཚེ་བཟོ་བ་ལྷག་གིས། མི་རིགས་ཤིག་གི་ཆོས་དང་རིག་གཞུང་ཡག་པོ་ཉར་ཐུབ་དགོས་པའི་སློབ་གསོ་རྒྱག་དགོས་པ་དེ་གལ་ཆེན་པོ་རེད། ང་ཚོ་བཙན་བྱོལ་ནང་གནས་དགོས་པའི་རིང་སོ་སོའི་སྐད་དང་རིག་གཞུང་ཉར་དགོས་པའི་ལྟ་བ་དེ་ཉར་དགོས་པ་གལ་ཆེན་པོ་རེད་”ཅེས་བརྗོད་བྱུང།།

དགེ་རྒན་ཀརྨ་སེང་གེ། bangchen.net
དགེ་རྒན་ཀརྨ་སེང་གེ།

འཛིན་གྲྭ་༡༡ དང་༡༢ ཀྱི་དགེ་རྒན་ཀརྨ་སེང་གེས། “མ་འོངས་པར་བོད་ཕྲུག་ཚོས་བོད་རང་གི་རིག་གཞུང་ག་ཚོད་ཅིག་ཉར་ཚགས་ཐུབ་ཀྱི་ཡོད་མེད་དེ་ཐག་བཅད་ནས་ལབ་ཐུབ་ཀྱི་མི་འདུག གང་ཡིན་ཟེར་ན། ཕྲུ་གུ་ཚོ་འཛིན་གྲྭ་༡༢ ཐོན་རྗེས་དེང་རབས་ཀྱི་སློབ་ཚན་ཐོག་ཤུགས་ཆེན་པོ་འགྲོ་ཡི་ཡོད་རེད། དེ་བཞིན་བྱ་སྤྱོད་དེ་ཚོ་ཡང་རང་དབང་ལུང་པའི་མིའི་བྱེད་སྟངས་དང་ནུབ་ཕྱོགས་པའི་བྱེད་སྟངས་ལ་དབྱིངས་སླེབས་བསྡད་ཡོད་རེད་ལ། མཐོ་སློབ་ཀྱི་སྐབས་སུ་བོད་ཡིག་སྦྱང་རྒྱུའི་རྒྱུན་དེ་ཆད་འགྲོ་ཡི་ཡོད་རེད། དེ་དང་འདྲ་བར་སློབ་གྲྭའི་སྐབས་སུ་ཡང་བོད་ཡིག་ལ་སློབ་སྦྱོང་ཡག་པོ་ཞིག་ཡོང་གི་མེད་པ་དེ་ཚང་མས་མཁྱེན་གསལ་རེད། སློབ་སྦྱོང་ཚར་རྗེས་སོ་སོའི་དམིགས་ཡུལ་དང་སློབ་ཚན་གཞིར་བཟུང་གིས་ལས་ཀ་བྱ་སར་འགྲོ་དུས། ཞ་དང་ཞོར་ནས་མ་གཏོགས་ཆེད་དུ་བོད་ཀྱི་ཆོས་དང་རིག་གཞུང་ཐོག་ཕྱག་ལས་རླབས་ཆེན་གནང་བ་དེ་ཁག་པོ་ཡིན་ས་རེད་བསམ་གྱི་ཡོད། འཕྱར་གྲུ་མཉམ་འདེགས་དང་རྒྱབ་སྐྱོར་དེ་འདྲ་གནང་ཐུབ་ཀྱི་རེད་”ཅེས་བརྗོད་བྱུང་།
ཡང་ཁོང་ལ་བོད་ཕྲུག་ཚོས་སོ་སོའི་རིག་གཞུང་དང་བོད་སྐད་ཡིག་ལ་བརྩི་མཐོང་དང་དོ་སྣང་མེད་པ་དེ་སློབ་གྲྭའི་འཛིན་སྐྱོང་དང་དགེ་རྒན་སུ་ཞིག་གི་འཐུས་ཤོར་རེད་ཅེས་དྲིས་པར། ཁོང་གིས་“ངའི་བསམ་པར་དེ་ཤེས་ཡོན་གྱི་འགྲོ་སྟངས་ལ་ཐུག་འདུག་བསམ་གྱི་ཡོད། ང་ཚོ་བོད་པའི་སློབ་གྲྭ་ཁག་གི་ནང་རྒྱ་གར་གྱི་ཤེས་ཡོན་གྱི་འགྲོ་སྟངས་ཤུགས་ཆེན་པོ་ཆགས་ཀྱི་ཡོད་རེད། དེར་བརྟེན་སློབ་གྲྭའི་འཛིན་སྐྱོང་དང་། དགེ་རྒན། སློབ་ཕྲུག་ཚང་མས་དེ་བཞིན་ལས་ཀ་བྱེད་དགོས་ཀྱི་ཡོད་རེད། མ་འོངས་པར་བཙན་བྱོལ་ནང་ཡོད་པའི་ཤེས་ཡོན་སྲིད་ཇུས་དེ་ལག་བསྟར་ཡག་པོ་ཞིག་བྱེད་ཐུབ་པ་ཡིན་ན། དེས་བོད་སྐད་ཡིག་དང་རིག་གཞུང་དེ་དག་ཁ་ཡོད་ལག་ཡོད་ཀྱིས་ཉར་ཚགས་བྱེད་ཐུབ་པ་དང་། སློབ་མ་ཚོ་ཡང་རང་མི་རིགས་ཀྱི་རིག་གཞུང་དེ་དག་གིས་ཕྱུགས་ཏེ་གཞན་ལ་ཕན་ཐོགས་ཡོང་གི་རེད་བསམ་གྱི་ཡོད་”ཅེས་བརྗོད་བྱུང་།།

སློབ་སྤྱི་ཕུན་ཚོགས་བཀྲ་ཤིས། bangchen.net
སློབ་སྤྱི་ཕུན་ཚོགས་བཀྲ་ཤིས།

སློབ་སྤྱི་ཕུན་ཚོགས་བཀྲ་ཤིས་ལ་༧གོང་ས་མཆོག་གིས་གཞི་རིམ་སློབ་གྲྭ་ཁག་གིས་ཆེད་ལས་མི་སྣ་གསོ་སྐྱོང་དགོས་པའི་བཀའ་གནང་སྟེ་ལོ་ཁ་ཤས་འཁོར་གྱི་ཡོད་རེད། ལོ་ངོ་དེ་དག་གི་ནང་གཞི་རིམ་སློབ་གྲྭ་ཁག་གིས་སྔར་དང་མི་འདྲ་བར་ཤེས་ཡོན་གྱི་ཐོག་དམིགས་བསལ་གྱི་འགྱུར་བ་ག་རེ་བཏང་ཡོད་རེད་ཅེས་དྲིས་པར།
ཁོང་གིས་“བཀའ་སློབ་དེ་དག་ཕེབས་པ་ནས་བཟུང་གཙོ་བོ་ཤེས་རིག་ལས་ཁུངས་ནས་འགོ་བརྩམས་ཏེ། བོད་ཕྲུག་ཁྱིམ་སྡེར་མཚོན་པ་ཡིན་ན་ཤེས་ཡོན་ཚོགས་འདུ་ལོ་རྟག་པར་འཚོག་གི་ཡོད་རེད། རྩ་བས་སློབ་ཚན་ཚང་མ་གལ་ཆེན་པོ་རེད། ལྷག་པར་དུ་སྐད་ཡིག་དེ་ཚོ་གལ་ཆེན་པོ་ཡིན་པ་གཞིར་བཞག་གིས། ང་རང་ཚོས་བོད་ཀྱི་སྐད་ཡིག་ཡར་རྒྱས་ག་འདྲ་བྱས་ནས་གཏོང་གི་ཡིན་ཞེས་དེའི་ཐོག་གོ་བསྡུར་རིམ་པས་བྱས་པ་རེད། དེ་བཞིན་བོད་ཕྲུག་ཁྱིམ་སྡེ་ཁག་གི་ནང་བོད་སྐད་ཀྱིས་མཚོན་དབྱིན་ཇིའི་སྐད་ཡིག་ཡར་རྒྱས་གཏོང་ཕྱོགས་ཀྱི་ལས་རིམ་མང་པོ་ཞིག་བརྩམས་ཡོད་རེད། དེར་བརྟེན་སྐད་ཡིག་གཉིས་ཀྱི་ཐོག་ཤུགས་སྣོན་མུ་མཐུད་ཐེབས་ཡོད་རེད་བསམ་གྱི་ཡོད། བོད་ཕྲུག་ཁྱིམ་སྡེ་ཁག་གི་སྔོན་འགྲོའི་སློབ་གྲྭར་མཚོན་ན་ཉི་མ་གཅིག་གི་ནང་འཛིན་གྲྭ་གསུམ་བཞི་ག་ཚོད་ཡོད་པ་ཆ་ཚང་བོད་ཡིག་ཐོག་སློབ་ཁྲིད་བྱེད་ཀྱི་ཡོད་རེད། དེ་བཞིན་འཛིན་གྲྭ་དང་པོ་ནས་ལྔ་པའི་བར་ཉི་མ་གཅིག་གི་ནང་དབྱིན་ཇིའི་སློབ་ཚན་གཅིག་རེད། དེ་མིན་གྱི་སློབ་ཚན་ཆ་ཚང་བོད་རང་གི་སྐད་ཡིག་ཐོག་ཁྲིད་ཀྱི་ཡོད་རེད། ཡིན་ན་ཡང་འཛིན་གྲྭ་དྲུག་པ་ནས་དབྱིན་ཇིའི་ཐོག་སློབ་ཁྲིད་བྱེད་ཀྱི་ཡོད་རེད། བོད་ཕྲུག་ཁྱིམ་སྡེ་ཡོད་ཚད་ཚང་མ་རྒྱ་གར་དབུས་ལྷན་ཁང་ནང་དེབ་སྐྱེལ་བྱས་ཡོད་པར་བརྟེན། འགྲོ་སྟངས་དེའི་ཐོག་མི་འགྲོ་ཀ་མེད་རེད། དམིགས་བསལ་གྱིས་འཛིན་གྲྭ་དགུ་པ་ནས་བཟུང་བསླབ་གཞི་དང་ཡིག་ཚད་ཚང་མ་ཁོང་ཚོས་གཏན་འབེབས་བྱེད་ཀྱི་ཡོད་པར་བརྟེན། དེའི་ཐོག་ང་ཚོས་གང་ཞིག་བྱེད་དགོས་བསམ་ཡང་བྱེད་རྒྱུའི་གོ་སྐབས་ཡོད་མ་རེད་བསམ་གྱི་འདུག དེར་བརྟེན་གཞན་དབང་སྟབས་བསྟུན་རེད། ང་ཚོས་བྱེད་འདོད་མེད་པ་དང་སོ་སོའི་སྐད་ཡིག་ལ་དོ་སྣང་མེད་པ་མ་རེད། དེ་མིན་པ་དེ་དམའ་རིམ་གྱིས་གསལ་པོར་ཤེས་ཐུབ་ཀྱི་རེད་བསམ་གྱི་ཡོད་”ཅེས་བརྗོད་བྱུང་།

ཡང་ཁོང་གིས་འཛིན་སྐྱོང་གི་ངོས་ནས་བོད་ཡིག་ཡར་རྒྱས་གཏོང་ཕྱོགས་ལ་ཤུགས་རྒྱག་གི་ཡོད་སྐོར་དང་འབྲེལ་ནས་གསུང་དོན། “ང་ཚོས་ལོ་རྟག་པར་སྟོང་ཕྲག་སུམ་ཅུ་ཙམ་གྱིས་འགྲོ་སོང་བཏང་སྟེ་བོད་ཡིག་གི་དེབ་མཁོ་སྒྲུབ་བྱེད་ཀྱི་ཡོད། ད་ལོར་ཆ་མཚོན་ན་བཙན་བྱོལ་ནང་གི་བོད་ཡིག་དེབ་གལ་ཆེན་ང་ཚོའི་དཔེ་མཛོད་ནང་མེད་པ་ཚང་མ་མཁོ་སྒྲུབ་ཀྱིས་སློབ་མ་ཚོར་ཀློག་རྒྱུའི་གོ་སྐབས་བསྐྲུན་ཡོད། དགེ་རྒན་ཚོ་ཡིན་ན་ཡང་དམའ་རིམ་གྱི་སློབ་མ་ཚོར་བོད་སྐད་གཙང་མ་རྒྱག་དགོས་པ་དང་། དེ་བཞིན་འབྲེལ་ཡོད་ཀྱིས་བོད་ཡིག་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་ཐོག་ཤུགས་རྒྱག་གི་ཡོད། ལོ་སྔོན་མ་ནས་བཟུང་འཛིན་གྲྭ་དྲུག་པ་མན་ཆད་ཁང་ཚན་གྱི་ལས་རིམ་དེ་ཚོར་འགྲོ་མི་དགོས་པར། འཛིན་གྲྭ་ཁག་བགོས་ནས་དཔེ་མཛོད་ནང་དེབ་ཀློག་རྒྱུའི་གོ་སྐབས་སྤྲད་པ་ཡིན། དཔེ་མཛོད་ལ་འགྲོ་མི་ཐུབ་མཁན་ཚོར་དགེ་རྒན་གྱིས་དམིགས་བསལ་གྱིས་བོད་ཡིག་སློབ་ཀྱི་ཡོད་རེད། དེ་བཞིན་ཕྱི་༢༠༡༤ ལོར་ང་ཚོས་ལས་རིམ་གསར་པ་ཞིག་ལ་ཞོགས་ཚོགས་མེད་པ་བཟོས་ཏེ། བོད་ཡིག་ཀློག་རྒྱུས་མཚོན་རྩ་བ་ངག་ཐོག་ལ་ཟིན་པ་དང་དག་ཡིག་སོགས་སྦྱངས་རྒྱུའི་ལས་རིམ་ཞིག་འགོ་འཛུགས་བྱས་ཡོད་”ཅེས་བརྗོད་བྱུང་།

དགེ་རྒན་ཉི་མ་དོན་གྲུབ། bangchen.net
དགེ་རྒན་ཉི་མ་དོན་གྲུབ།

འཛིན་གྲྭ་བདུན་པ་ནས་བཅུ་པའི་བར་གྱི་དགེ་རྒན་ཉི་མ་དོན་འགྲུབ་ལ། གཞི་རིམ་སློབ་གྲྭ་ཁག་གི་ནང་ལོ་༥༠ ལྷག་གི་རིང་ཤེས་ཡོན་པ་གསོ་སྐྱོང་ཐད་འབད་བརྩོན་བྱས་ཡོད་ན་ཡང་། ཐོག་མའི་དམིགས་ཡུལ་ལྟར་གྲུབ་འབྲས་ཐོན་མེད་པ་དེར་དགེ་སློབ་གཉིས་དང། འཛིན་སྐྱོང་ཐོག་ནས་ཡར་རྒྱས་གཏོང་རྒྱུ་ལྷག་ཡོད་པ་དེ་འདྲ་མཐོང་གི་འདུག་གམ་ཞེས་དྲིས་པར།
ཁོང་གིས་“སྤྱིར་བཏང་ནས་འཛིན་སྐྱོང་གི་ངོས་ནས་དངོས་ཤུགས་བརྒྱུད་གསུམ་ནས་འབད་བརྩོན་བྱས་དང་བྱེད་བཞིན་པ་རེད། དེ་བཞིན་ང་ཚོ་དགེ་རྒན་ཚོའི་ངོས་ནས་ཀྱང་དཀའ་ལས་རྒྱག་གི་ཡོད་རེད། ཡིན་ན་ཡང་ཁ་ཤས་ཀྱིས་དགེ་རྒན་ཡག་པོ་མེད་པ་དང། ཁ་ཤས་ཀྱིས་སློབ་དེབ་ཡག་པོ་མི་འདུག་ཟེར་ནས་བཤད་མཁན་དེ་འདྲ་ཡོད་རེད། ང་རང་གིས་དགེ་རྒན་བྱས་ཏེ་ལོ་༡༣ འགྲོ་བའི་ཉམས་མྱོང་ལས་བལྟས་པ་ཡིན་ན། གཙོ་བོ་དེ་སློབ་ཕྲུག་ལ་ཐུག་འདུག འཛིན་གྲྭ་དྲུག་པ་ནས་བཟུང་ཉི་མ་གཅིག་གི་ནང་ཚོགས་ཐེངས་༦ ཡོད་པའི་དབང་དུ་བཏང་ན། བོད་ཡིག་ཚོགས་ཐེངས་གཅིག་མ་གཏོགས་ཡོད་མ་རེད། དེ་འདྲའི་དབང་གིས་ཕྲུ་གུ་ཚོས་བོད་ཡིག་ལ་དོ་སྣང་མེད་པ་ཡོང་གི་འདུག སློབ་གྲྭ་བྱེ་བྲག་པ་གྷོ་པལ་པུར་ལ་མཚོན་ན། སྔོན་མ་ཡིན་ན་ཞོགས་པར་ཞལ་འདོན་སྐྱོར་དགོས་ཀྱི་ཡོད་རེད། དེང་སང་དེའི་ཚབ་ཏུ་རྩ་བ་ངག་ཐོག་ལ་ཟིན་པ་ལ་སོགས་པའི་ལས་གཞི་གསར་པ་མང་པོ་ཡོད་རེད། ཡིན་ན་ཡང་ཕྲུ་གུ་ཚོས་ངོས་ནས་བོད་ཡིག་ལ་དོ་སྣང་སླེབས་ཀྱི་མི་འདུག དེར་བརྟེན་ངའི་བསམ་པར་བོད་ཡིག་སློབ་ཚན་ཉུང་དྲགས་པ་དེའི་ཐད་ནས་འཐུས་ཤོར་ཡོང་གི་ཡོད་རེད་བསམ་གྱི་འདུག གཞན་འཛིན་སྐྱོང་གིས་མཐུན་རྐྱེན་མ་སྤྲད་པ་དང་དགེ་རྒན་གྱིས་སྐུ་ངལ་མ་བསྐྱོན་པ་དེ་འདྲ་གཏན་ནས་མ་རེད། འཛིན་གྲྭ་དང་པོ་ནས་དྲུག་པའི་བར་ཕྲུ་གུ་ཚོས་བོད་ཡིག་ལ་དོ་སྣང་ཡག་པོ་ཡོད་ན་ཡང་། རིམ་གྱིས་བོད་ཡིག་ལ་དོ་སྣང་ཡོད་པ་དེ་བརླག་འགྲོ་ཡི་འདུག ད་ལྟའི་ཆར་འཛིན་གྲྭ་༥ པ་མན་ཆད་མ་གཏོགས། འཛིན་གྲྭ་༦ པ་ནས་ཚན་རིག་དང་ཨང་རྩིས་ཚང་མ་དབྱིན་ཡིག་ཐོག་སློབ་ཀྱི་ཡོད་རེད། དེར་བརྟེན་མ་འོངས་པར་ཤེས་ཡོན་སྲིད་ཇུས་གསར་པ་དེ་བོད་ཡིག་ཐོག་ལག་བསྟར་བྱ་ཐུབ་ན་ཕན་ཐོགས་ཆེན་པོ་ཞིག་ཡོང་ས་རེད་བསམ་གྱི་ཡོད་”ཅེས་བརྗོད་བྱུང་།

ཆོས་དགེ་བློ་བཟང་མཁས་གྲུབ། bangchen.net
ཆོས་དགེ་བློ་བཟང་མཁས་གྲུབ།

ཆོས་དགེ་བློ་བཟང་མཁས་གྲུབ་ལ་དེང་སང་ང་ཚོའི་སྤྱི་ཚོགས་ནང་བོད་ཡིག་གིས་མ་འོངས་པར་མདུན་ལམ་རག་གི་མ་རེད་ཅེས་སྐད་ཆ་ཞིག་བྱུང་གི་ཡོད་པ་དེ། མི་རིགས་ཀྱི་སློབ་གསོས་མ་འདང་བ་རེད་དམ་ཡང་ན་སྤྱི་ཚོགས་གང་ཞིག་གིས་ཤུགས་རྐྱེན་ཐེབས་པ་རེད་ཅེས་དྲིས་པར།
ཁོང་གིས་“ཕྲུ་གུ་ཚོས་བོད་ཡིག་སྦྱངས་པ་ཡིན་ན་འཛིན་གྲྭ་མཐོན་པོར་འགྲོ་མི་ཐུབ་པ་དེ་ཕ་མ་ཚོའི་བསམ་ཚུལ་ཤུགས་ཆེན་པོ་ཞིག་རེད། ཕ་མ་ཚོ་མ་ཟད་འཛིན་དགེ་མང་པོ་ཞིག་གི་སེམས་ནང་ལ་ཡང་ལྟ་ཚུལ་དེ་ཡོད་རེད། དེར་བརྟེན་ངའི་བསམ་པར་ཕ་མ་ཚོ་གནད་འགག་ཆགས་ཀྱི་འདུག སྔོན་མའི་རྒན་རབས་ཚོའི་སེམས་ནང་ལ་མཐོ་སློབ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མ་སླེབས་ཀྱང། བོད་པའི་སྤྱི་ཚོགས་རང་གི་ནང་ཞབས་ཕྱི་ཞུ་རྒྱུའི་སེམས་ཤུགས་ཆེན་པོ་ཞེ་དྲག་ཡོད་རེད། ཡོད་པ་ཙམ་མ་ཟད་སོ་སོའི་ཕྲུ་གུ་དང་ཉེ་འབྲེལ་ཚོར་སློབ་གསོ་དེ་རྒྱག་གི་ཡོད་རེད། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་པའི་སྤྱི་ཚོགས་ནང་ལས་ཀ་བྱེད་རྒྱུ་བྱུང་ན་གཟི་བརྗིད་ལ་བརྩི་ཡི་ཡོད་རེད། ཡིན་ན་ཡང་དེང་སང་དེ་འདྲའི་བསམ་བློ་གཏོང་མཁན་ཧ་ཅང་དཀོན་པོ་ཆགས་འདུག སློབ་སྦྱོང་བྱ་རྒྱུ་དེ་འཚོ་བ་སྐྱེལ་བ་གཅིག་པུ་མ་གཏོགས་རྒྱལ་ཁབ་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་དུ་བསམ་བློ་གཏོང་མཁན་ཉུང་ཉུང་རེད། སློབ་གསོས་ཕུང་པ་རེད་བསམ་གྱི་ཡོད་”ཅེས་བརྗོད་བྱུང་།

ཡང་ཁོང་གིས་“དེང་སང་སྤྱི་ཚོགས་ནང་དགེ་རྒན་གྱི་ལས་ཀར་མཐོང་ཡོད་མ་རེད། དགེ་རྒན་ཟེར་བ་དེ་སྤྱི་ཚོགས་ནང་གི་སྐྱོ་ཤོས་རྐྱང་རྐྱང་ཡིན་པ་དང་། དགེ་རྒན་གྱིས་གང་ཡང་བྱེད་ཐུབ་ཀྱི་མེད་པའི་བཟོ་འདྲ་བོ་ཆགས་ཡོད་རེད། ག་དུས་ཡིན་ན་ཡང་དགེ་རྒན་ལ་ཟབ་སྦྱོང་སྤྲད་པ་ལས་འཛིན་སྐྱོང་དང་། ལྟ་གྲུབ། སློབ་གསོའི་ལངས་ཕྱོགས་སོགས་ཡར་རྒྱས་གཏོང་དགོས་པ་དེ་དག་གནད་འགག་གཟིགས་ཀྱི་ཡོད་མ་རེད་”ཅེས་བརྗོད་བྱུང་།།

གྷོ་པལ་པུར་སློབ་གྲྭ་དེ་ཕྱི་ལོ་༡༩༩༧ ནས་འགོ་འཛུགས་བྱས་ཡོད་པ་དང། ད་ལྟའི་ཆར་སློབ་གྲྭ་དེར་སྔོན་འགྲོ་ནས་འཛིན་གྲྭ་༡༢ བར་ཁྱོན་བསྡོམས་སློབ་ཕྲུག་༡༢༠༠ མ་ཟིན་ཙམ་དང་། དགེ་རྒན་དང་ལས་བྱེད་བསྡོམས་༡༦༠ ཙམ་ཡོད་པ་རེད་འདུག །
བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་ ༤༨༦ ཐོག་ཏུ་བཀོད།

Share this:
༡༩ ཀློག་གྲངས།