ཕ་སྐད་ཉིན་མོ་སྲུང་བརྩི་ལ་བཀག་སྡོམ།

བོད་ནང་དུ་འཛམ་གླིང་ཕ་སྐད་ཉིན་མོ་སྲུང་བརྩི་བྱེད་རྒྱུའི་ལས་འགུལ་ལ་རྒྱ་ནག་གཞུང་གིས་བཀག་སྡོམ་བྱས་ཡོད་པ་རེད།

དེ་ཡང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༤ ལོའི་ཟླ་༢ ཚེས ༢༡ ཉིན་འཛམ་གླིང་ཕ་སྐད་ཉིན་མོ་སྲུང་བརྩི་ཆེད་རྔ་བ་ཁུལ་ཟུངས་ཆུ་རྫོང་དམུ་དགེ་ནོར་བའི་སྨན་པ་དྲི་མེད་དང་། བློ་གྲོས་རྒྱལ་མཚན་སོགས་བོད་མི་ཁག་གཅིག་གིས་གོ་སྒྲིག་འོག དམུ་དགེ་ནོར་བ་ཡུལ་ཚོ་རུ་བོད་ཀྱི་ཕ་སྐད་གཙང་མའི་འགྲན་སྡུར་སྤེལ་རྒྱུའི་གསལ་བསྒྲགས་ཏེ་གྲ་སྒྲིག་ཆ་ཚང་བྱས་ཟིན་ཡོད་ནའང་། རྗེས་སུ་དམུ་དགེ་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བོད་མི་དྲི་མེད་དང་། བློ་གྲོས་རྒྱལ་མཚན་གཉིས་འབོད་འགུག་གིས་འདྲི་རྩད་ཐེངས་ཁ་ཤས་བྱས་པ་དང་དུས་མཚུངས། ཁོ་གཉིས་ལ་ཕ་སྐད་གཙང་མའི་འགྲན་བསྡུར་གྱི་བརྡ་ཐོ་ཕྱིར་འཐེན་བྱེད་དགོས་པ་དང་། ཕ་སྐད་ཟེར་བ་འདི་ཆབ་སྲིད་དང་འགལ་བའི་ཚིག་ངན་གནམ་ལ་མི་ཤོང་བ་ཞིག་ཡིན་རབས་བཤད་དེ་གསལ་བསྒྲགས་ཕྱིར་འཐེན་མ་བྱས་ན། ཁོང་གཉིས་ལ་ཁྲིམས་ཆད་ཕོག་ངེས་ཡིན་པའི་འཇིགས་སྐུལ་འོག་མི་འདོད་བཞིན་དུ་ཕ་སྐད་གཙང་མའི་འགྲན་བསྡུར་སྔོན་འཆར་ལྟར་ཚོགས་ཐུབ་མེད་པ་རེད།

དེའི་ཐད་ས་གནས་བོད་མི་ཞིག་གིས། “དེང་སྐབས་འཛམ་གླིང་མི་མང་གིས་ཕ་སྐད་གཙོ་བཟུང་གིས་ཕ་སྐད་དུས་ཆེན་ལོ་ལྟར་སྲུང་བརྩི་བྱེད་བཞིན་ཡོད་ཀྱང་། བོད་མི་ཚོས་སོ་སོའོ་ཕ་སྐད་ཙམ་ཡང་གཅེས་སྲུང་བྱེད་དབང་མེད་པ་ནི་ཡིད་སྐྱོ་དགོས་བ་འདུག་”ཅེས་བརྗོད་བྱུང་།

༢༠༠༨ ལོའི་རྗེས་སུ་ཟུངས་ཆུ་རྫོང་དམུ་དགེ་བཀྲ་ཤིས་འཁོར་ལོ་དགོན་དགོན་པའི་གླིང་ལ་ཉེན་རྟོག་པ་རྒྱུན་སྡོད་བྱེད་སའི་ལས་ཁུངས་གསར་བ་སྒོ་ཕྱེས་བ་ནས་། དེར་ཉེན་རྟོག་པ་གྲངས་༢༠ ཙམ་རྒྱུན་སྡོད་ཀྱིས་དགོན་པའི་དགེ་འདུན་པ་གཙོས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་ནན་མོ་བྱེད་བཞིན་པ་རེད་འདུག

རྒྱལ་སྤྱིའམ་འཛམ་གླིང་སྐད་ཡིག་སྲུང་སྐྱོབ་ཀྱི་ཉིན་མོ་ནི་ཕྱི་ལོ་༡༩༥༣ལོར་ལོ་རེའི་ཟླ༢ ཚེས༢༡ ཉིན་བརྩི་སྲུང་བྱེད་རྒྱུའི་ཉིན་མོ་རུ་གཏན་འཁེལ་བྱས་པ་ཡིན་པ་རེད།

 

Share this:
༤༧ ཀློག་གྲངས།