བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐྱོ་པོ་རེད།

    དེ་ཡང་ཨོ་བྷ་མའི་འཛིན་སྐྱོང་གི་དཔོན་རིགས་རྒན་གྲས་རྒྱ་ནག་ཏུ་གཟིགས་སྐོར་ལ་ཕེབས་མཁན་ནཱན་སི་ཕི་ལོ་སི་མཆོག་ཐོག་མ་ཆགས་ཡོད་པ་དང༌། ཨ་རྒྱ་གཉིས་དབར་གྲོས་བསྡུར་བྱེད་དགོས་པའི་གནད་དོན་གཙོ་བོ་ནི། བྱང་ཀོ་རི་ཡའི་རྡུལ་ཕྲིན་མཚོན་ཆ་ཚོད་ལྟའི་ལས་གཞི་ལ་རྒྱལ་ཁབ་༦ ལས་གྲུབ་པའི་ལྷན་ཚོགས་ཀྱིས་སྟངས་འཛིན་ཇི་ལྟར་བྱེད་དགོས་མིན་དང༌། འཛམ་གླིང་དཔལ་འབྱོར་ཉམས་གུད་ཀྱི་དཀའ་ངལ་སེལ་ཐབས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན། འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་སུ་རྒྱ་ནག་གིས་ཆ་ཤས་ལེན་དགོས་སྐོར་བཅས་ཡིན་པ་དང༌། རྒྱ་ནག་གི་སྲིད་འཛིན་ཧོའུ་ཅིན་ཐའོ་དང་སྲིད་བློན་ཝིན་ཅཱ་པའོ་སོགས་ཆེས་མཐོའི་དཔོན་རིགས་ཚོ་དང་མཇལ་འཕྲད་ཐེངས་མང་གནང་སྟེ་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་རེད།
    ཨ་རའི་ཚོགས་གཙོ་མཆོག་གི་གསུང་ཤད་ནང་ང་ཚོས་རྒྱ་ནག་གི་དཔོན་རིགས་ཚོར་ནན་བརྗོད་བྱེད་དགོས་པ་གཅིག་ནི། རྒྱལ་ཁབ་༦ ལས་གྲུབ་པའི་ལྷན་ཚོགས་ཀྱི་ངོས་ནས་བྱང་ཀོ་རི་ཡར་དོན་ཕན་ལྡན་པའི་ཤུགས་རྐྱེན་ཐེབས་དགོས་པ་དང༌། ང་ཚོ་ཐུན་མོང་གིས་གདོང་ལེན་བྱེད་བཞིན་པའི་དཀའ་ངལ་འདི་སེལ་ཆེད་རང་བྱུང་གི་ཐོན་ཁུངས་གཙང་མ་ཉར་དགོས་ལ། བོད་གཙོས་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་ཤིན་ཏུ་ནས་སྐྱོ་པོ་ཡིན་པས། དབུས་གཞུང་གི་ངོས་ནས་ངེས་པར་དུ་འདིའི་ཐད་དོ་སྣང་བྱེད་དགོས་ཞེས་འཁོད་ཡོད་པ་རེད།
    ཁྱད་མཚར་བ་ཞིག་ལ་ཨ་རིའི་ཚོགས་གཙོ་མཆོག་རྒྱ་ནག་ཏུ་ཡོང་སྐབས་རྒྱ་རིགས་བུད་མེད་མང་པོ་ཕེབས་བསུ་ལ་འཛོམས་ཡོད་པ་དང༌། རྒྱ་རིགས་སྐྱེས་དམན་ལོ་༥༤ ལ་སོན་པ་ཞིག་གིས་ང་ཚོས་ཚོགས་གཙོ་མཆོག་ལ་ཡིད་ཆེས་ཡོད། ཁྱེད་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྒྱ་ནག་གི་དཔོན་རིགས་ཚོར་ངེས་པར་དུ་བཤད་དགོས་ཞེས་སྐད་འབོད་བྱས་ཡོད་པ་དང༌། གྱང་ངོས་སོགས་སུ་ཨ་རིའི་ཚོགས་གཙོ་རྒྱ་ནག་ཏུ་ཕེབས་པ་དགའ་བསུ་ཞུ། ང་ཚོ་ཁྱེད་རང་ལ་དགའ་ཞེན་ཆེན་པོ་ཡོད་ཅེས་བྲིས་ཡོད་པ་དང༌། བུད་མེད་མང་པོ་མཉམ་འཛོམས་ཀྱིས་སྐད་འབོད་བརྒྱབ་སྟེ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། ཉེན་རྟོག་པ་ཡོང་ནས་ཚང་མ་རླངས་འཁོར་ནང་བཅུག་ནས་བཀག་ཉར་བྱས་ཡོད་པ་རེད། དེ་བཞིན་གྱང་ངོས་སོགས་སུ་ཚོན་དམར་པོ་བྱུགས་ནས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་མེད་ཚུལ་དང༌། ཚོགས་གཙོ་ཁོང་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་བྱེད་མཁན་ཞིག་ཡིན་པས་ང་ཚོའི་ཚབ་བྱས་ནས་ལས་དོན་བསྒྲུབ་དགོས་སྐོར་སོགས་ཀྱི་ཡི་གེ་མང་པོ་བྲིས་ཡོད་པ་རེད།
    སྤྱིའི་ཆ་ནས་ཟླ་གྲངས་འགའི་སྔོན་ནས་ཨ་རིའི་རྒྱལ་དོན་དྲུང་ཆེ་རྒྱ་ནག་ཏུ་འགྲོ་སྐབས་བུད་མེད་མང་པོས་དགའ་བསུ་ཞུས་ཡོད་པ་དང༌། ཉེ་སྔོན་ཨ་རིའི་ཚོགས་གཙོ་མཆོག་ལ་དེ་བས་ཀྱང་རྒྱ་ནག་གི་བུད་མེད་མང་པོས་དགའ་བསུ་ཞུས་ནས། འགྲོ་བ་མིའི་ཐོབ་ཐང་དང་རྒྱ་རིགས་བུད་མེད་ཀྱི་ཐོབ་ཐང་སྐོར་རྒྱ་ནག་གི་དཔོན་རིགས་ཚོར་ནན་བརྗོད་དགོས་སྐོར་གྱི་སྐད་འབོད་བྱས་ནས། རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཇི་ལྟར་ཡོད་མེད་མངོན་གསལ་ཆེ་རུ་སོང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

Share this:
༡༥༣ ཀློག་གྲངས།