གནམ་སྡེ་སྒོ་མོའི་ཨ་མ།

    དེ་ཡང་ཟླ་འདིའི་༤ ཉིན་ནི་རྒྱ་ནག་པེ་ཅིང་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་དགོས་ཟེར་ནས་རང་དབང་སྒེར་ལངས་བྱས་ཏེ་མི་ལོ་ཧྲིལ་པོ་༢༠ འཁོར་བའི་མྱ་ངན་གྱི་དུས་དྲན་ཡིན་ལ།    འདི་ལོའི་དུས་དྲན་དེ་དམིགས་བསལ་གྱིས་འཛམ་གླིང་ནང་རྒྱལ་ཁབ་མང་པོས་ཧ་ཅང་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང༌། ཧོང་ཀོང་སོགས་ནས་ཟླ་གྲངས་༡ གི་སྔོན་ནས་སློབ་མ་ཚོའི་བསམ་ཚུལ་བསྡུ་རུབ་དང་ཡིག་ཆ་འདྲ་མིན་མཁོ་སྒྲུབ་བྱས་ཏེ་གསར་ལམ་ཁག་ཏུ་ཁྱབ་བསྒྲགས་ཤུགས་ཆེར་བྱས་ཡོད་པ་རེད།
    གནམ་སྡེ་སྒོ་མོའི་ཨ་མ་ཟེར་བ་ནི་ཕྱི་ལོ་༡༩༨༩ ཟླ་བ་༦ ཚེས་༤ ཉིན་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་རང་དབང་སྒེར་ལངས་སྐབས་སུ་ཚེ་སྲོག་ཤོར་མཁན་ཚོའི་ཕ་མ་དང༌། འབྲེལ་ཡོད་ཀྱི་ཆབ་སྲིད་མི་སྣ་ཚོས་རྒྱ་ནག་དབུས་གཞུང་ལ་མི་གསོད་ཀྱི་གྱོད་གཞི་ལ་དག་ཐེར་དགོས་ཟེར་བའི་ཚོགས་པ་ཞིག་བཙུགས་ཡོད་པ་དེའི་མིང་ཡིན་ཞིང༌། ཚོགས་པ་དེས་འགན་བླངས་ཏེ་དེང་སྐབས་པེ་ཅིང་དུ་སྨྲ་བརྗོད་རང་དབང་མཚོན་བྱེད་དུ། མང་གཙོའི་རང་དབང་ལྷ་མོའི་འདྲ་སྐུ་བཞེངས་པ་དང་ཡིག་ཆ་མང་པོ་འགྲེམས་སྤེལ་གྱི་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པ་རེད།
    རྒྱ་ནག་གཞུང་ཕྱོགས་ནས་སྔོན་དུས་གསར་བརྗེ་ངོ་ལོག་པ་དང་སྐུ་དྲག་སློབ་མས་ངན་སྐུལ་གྱིས་སྤྱི་ཚོགས་འགོ་རྟིང་སློག་འདོད་ཡོད་སྐོར་སོགས་ལ་ཁ་གཡར་ནས། སྒེར་ལངས་པ་ཚོར་དྲག་པོའི་མཚོན་ཆས་གསོད་རྨས་དང་རྡུང་རྡེག་བཏང་ཡོད་པ་དང༌། ཉེ་དུས་རྒྱ་ནག་གཞུང་གིས་མྱ་ངན་དུས་དྲན་གྱི་ལས་འགུལ་སྤེལ་མི་ཆོག་པའི་འཇིགས་སྐུལ་ལན་མང་བྱས་ཡོད་པ་མ་ཟད། རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་མཱ་ཊའོ་ཤུས་ཟེར་བས། གནམ་སྡེ་སྒོ་མོའི་དོན་རྐྱེན་དེ་ཆབ་སྲིད་མི་སྣའི་ངན་སྐུལ་འོག་ནས་བྱུང་བ་ཞིག་ཡིན་པས། རྒྱ་ནག་གཞུང་ངོས་ནས་གནད་དོན་གང་ལའང་འགན་ལེན་གྱི་བརྡ་ལན་དང་དགོངས་སེལ་ཞུ་དགོས་པ་གཅིག་ཀྱང་མེད་ལ། ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་དགོངས་སེལ་ཟེར་བའི་མིང་ཚིག་འདི་བེད་སྤྱོད་བཏང་བ་དེ་འོས་ཤིང་འཚམས་པ་ཞིག་མ་རེད། རྒྱ་ནག་གཞུང་གིས་གནད་དོན་མང་པོ་ཞིག་གཙང་སེལ་བྱས་ཏེ་མཇུག་བསྡོམས་བརྒྱབ་ཚར་པ་རེད་ཅེས། གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་འགྲེལ་བརྗོད་བྱས་ཡོད་པ་རེད།
    བྷི་བྷི་སིའི་གསར་འགོད་པས་པེ་ཅིང་ནས་གནས་ཚུལ་སྤེལ་སྐབས། གནམ་སྡེ་སྒོ་མོའི་ཐང་ཆེན་དུ་མི་གསོད་ཀྱི་གྱོད་གཞི་དེ་ཤེས་མཁན་ཡོད་ནའང་བཅར་འདྲི་བྱེད་སྐབས། མི་སུ་གང་ལ་བསམ་པ་བཞིན་བརྗོད་པའི་བློ་ཁོག་མི་འདུག་ལ་མི་འགའ་རེས་བརྗོད་འདོད་པའི་རྣམ་འགྱུར་སྟོན་སྐབས། ནང་མི་དང་གྲོགས་པོ་ཡང་ན་གཉེན་ཚན་སོགས་ཀྱིས་བཀག་ནས་སྐད་ཆ་ཤོད་མཁན་འཐེན་ནས་འགྲོ་ཡི་འདུག ཡིན་ནའང༌། པེ་ཅིང་གི་བརྙན་པར་གཅེས་སྐྱོང་ཁང་གི་སློབ་དཔོན་ཆེན་པོ་ཚཱོའུ་ཝོན་ཕིན་གྱིས་དྲ་ཐོག་ཏུ་རྩོམ་ཡིག་ཅིག་སྤེལ་བའི་ནང༌། ང་ཚོས་དུས་ཡུན་ཧ་ཅང་རིང་པོའི་ནང་དྲུག་པའི་ཚེས་༤ དོན་རྐྱེན་ཐད་ལ་ཁ་བཙུམས་ནས་བསྡད་པ་དེ། དོན་དངོས་ཐོག་ང་ཚོས་ཁ་བཙུམས་པ་དེ་དྲུག་པའི་དོན་རྐྱེན་སྦས་པའི་ཁྲིམས་འགལ་གྱི་ལས་འགུལ་ནང་འཛུལ་ཞུགས་བྱས་པ་རེད་ཅེས་བྲིས་ཡོད་པ་རེད། དེ་བཞིན་ཁོང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོས། རྒྱ་ནག་དབུས་གཞུང་མི་དམངས་ལ་ཞེད་སྣང་བྱེད་ཀྱི་ཡོད་རེད་ལ་མི་མང་ལ་ཡིད་ཆེས་བྱེད་ཀྱི་ཡོད་མ་རེད། དེ་བཞིན་གཞུང་རང་ཉིད་ཀྱི་ནུས་ཤུགས་ལ་གདེངས་ཚོད་སླེབས་ཐུབ་ཀྱི་ཡོད་མ་རེད། ངས་སློབ་མ་ཚོར་དྭངས་བླངས་ཐོག་ནས་གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་གནད་དོན་འགྲེལ་བརྗོད་བྱེད་ཀྱི་མེད་ལ། སློབ་མ་ཚོས་ཀྱང་ང་ལ་ཞིབ་ཕྲ་སྐད་ཆ་ཤོད་མཁན་ཡོད་མ་རེད། གལ་སྲིད་ངས་བརྗོད་གཞི་འདིའི་ཐོག་སྐད་ཆ་བཤད་པ་ཡིན་ན། སློབ་མ་ཚོས་གང་བྱེད་དགོས་མིན་ཁོ་རང་ཚོས་ཤེས་ཀྱི་མ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ངས་སློབ་ཚོར་སེམས་ཚོར་དྲག་པོས་མནར་བཅུག་འདོད་མི་འདུག་ཅེས་བརྗོད་ཡོད་པ་རེད།
    ཉིན་གྲངས་འགའི་སྔོན་ནས་འགོ་བཙུགས་ཏེ་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་ཉེན་རྟོག་པ་མང་དུ་བཏང་ནས་ཧ་ཅང་དོ་དམ་བྱས་ཡོད་པ་དང༌། པེ་ཅིང་གཙུག་ལག་སློབ་གྲྭ་དང་ཤེས་ཡོན་ཅན་ན་གཞོན། དེ་བཞིན་ལས་ཀ་ཤོར་ནས་བསྡད་ཡོད་པའི་སློབ་ཐོན་པ་བརྒྱ་ཕྲག་མང་པོར་རྒྱབ་མདུན་གཉིས་ནས་ཧ་ཅང་གི་དོ་དམ་བྱེད་བཞིན་ཡོད་པ་རེད། ཨ་རི་དང་ཐེ་ཝན་སོགས་སུ་རྒྱ་རིགས་མང་པོས་གནམ་སྡེ་སྒོ་མོའི་ཐང་ཆེན་གྱི་མྱ་ངན་དུས་དྲན་ལ་སྲུང་བརྩིའི་གྲ་སྒྲིག་བྱས་ཡོད་པ་རེད།

Share this:
༢༤༤ ཀློག་གྲངས།