འཇིགས་སྐུལ་རིང་ལུགས་པ་རྩ་མེད་གཏོང་ལ་ཉེ་ཟེར།

    དེ་ཡང་པཱ་ཀི་སི་ཐན་དང་ཨབ་གྷ་ནི་སི་ཐན་གཉིས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་རྐྱེན་གྱིས། ཏ་ལྀ་བྷན་འཇིགས་སྐུལ་རིང་ལུགས་པ་མང་པོ་ཞིག་པཱ་ཀི་སི་ཐན་ལ་ཡིབ་སྡོད་བྱས་ཡོད་ཅིང༌། པཱ་ཀི་སི་ཐན་གཞུང་དང་ཨ་རིའི་གཞུང་གཉིས་དབར་འབྲེལ་བ་བཟང་དུ་འགྲོ་བ་དང༌། འཇིགས་སྐུལ་རིང་ལུགས་པས་པཱ་ཀི་སི་ཐན་གྱི་ཉེན་རྟོག་ལས་ཁང་དང་སློབ་གྲྭ། ལྷ་ཁང་སོགས་སུ་འབར་རྫས་གཡུགས་ནས། ཉེས་མེད་མི་སེར་བརྒྱ་ཕྲག་མང་པོའི་གཅེས་སྲོག་ཤོར་བཞིན་ཡོད་པ་རེད། དེ་བཞིན་ཉེ་དུས་འཇིགས་སྐུལ་རིང་ལུགས་པས་ཕྲུ་གུ་ལོ་ན་ཆུང་ཆུང་མང་པོ་བསྡུ་རུབ་བྱས་ནས། བཙོན་པ་མང་པོ་གྲི་དང་མེ་མདའ་བརྒྱབ་ནས་བསད་བཅུག་པ་དང་འཚེ་བའི་ལས་འགུལ་སྤེལ་ཐབས་ཀྱི་བསམ་བློའི་སློབ་གསོ་བརྒྱབ་ནས། པཱ་ཀི་སི་ཐན་གྱི་བྱང་ཤར་ཁུལ་དེ་འཇིགས་སྐུལ་རིང་ལུགས་པའི་དམག་སྦྱོང་གི་ལྟེ་གནས་ལྟ་བུ་ཆགས་ཡོད་པས། འཛམ་གླིང་གི་རྒྱལ་ཁབ་མང་པོས་པཱ་ཀི་སི་ཐན་གཞུང་ལ་འཇིགས་སྐུལ་རིང་ལུགས་རྩ་མེད་གཏོང་ཆེད་དུ། དངུལ་དང་གོ་མཚོན་སོགས་ཀྱིས་རོགས་རམ་བྱས་ཏེ་དེང་སྐབས་འཇིགས་སྐུལ་རིང་ལུགས་རྩ་མེད་གཏོང་ལ་ཉེ་བ་ཡོད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་ཀྱང༌། ཟླ་བ་སྔོན་མའི་ཚེས་༢༩ དང་༣༠ ཉིན་གཉིས་བསྟུན་མར་ཕྱོགས་གང་ནས་ཡོང་མིན་ཤེས་རྟོགས་མ་ཐུབ་པའི་འབར་རྫས་ནུས་ལྡན་༤ ལྷག་ཙམ། པཱ་ཀི་སི་ཐན་གྱི་ཉེན་རྟོག་ལྟེ་གནས་ཁང་དུ་གས་འཐོར་བཏང་བས་ཉེན་རྟོག་པ་དང་མི་སེར་༣༠ ཙམ་གྱི་སྲོག་ཤོར་ཡོད་པ་དང་༣༠༠ ལྷག་ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།
    ཡུལ་མི་མང་པོས་ཁ་ཆེ་ཕན་ཚུན་དམག་འཁྲུག་བརྒྱབ་ན་ཡག་པོ་མེད་ཚུལ་གྱི་བསམ་ཚུལ་ཤོད་མཁན་ཡོང་གི་ཡོད་པས། དབུས་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་དང་ནུབ་ཕྱོགས་རྒྱལ་ཁབ་ཚོའི་རོགས་རམ་ལ་བརྟེན་ནས། གང་མགྱོགས་གྱོང་གུད་ཕོག་པའི་ས་ཁུལ་ཁག་ཏུ་འཛུགས་སྐྲུན་བྱེད་འཆར་ཡོད་སྐོར་ཁྱབ་བསྒྲགས་བྱས་ཡོད་པ་རེད།།

Share this:
༤༥ ཀློག་གྲངས།