དྷ་སར་མར་མེའི་ཁྲོམ་སྐོར།

ཚ་བ་མཛོ་སྒང་རྫོང་དུ་གཏེར་ཁ་བསྔོག་འདོན་ལ་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་འཕགས་པ་རྒྱལ་མཚན་གྱི་ཆེད་དུ་དྷ་སར་མར་མེའི་ཁྲོམ་སྐོར་གནང་སོང་།

tsawaདེ་ཡང་ཟླ་༥ ཚེས་༡༣ ཉིན་གྱི་དགོང་དྲོར་བཞུགས་སྒར་དྷ་རམ་ས་ལར་དྷ་ས་ས་གནས་གཞོན་ནུ་དང་། ས་གནས་བུད་མེད། བོད་རང་དབང་སློབ་ཕྲུག་ཚོགས་པ་གསུམ་གྱིས་གོ་སྒྲིག་འོག ཚ་བ་མཛོ་སྒང་རྫོང་སྟོང་འབར་ཡུལ་ཚོའི་གེ་ཨར་གྲོང་ནས་ཡིན་པ། གཏེར་ཁ་བསྔོག་འདོན་ལ་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་འཕགས་པ་རྒྱལ་མཚན་གྱི་ཆེད་དུ་བཞུགས་སྒར་དྷ་སའི་མི་མང་དང་། དྷ་སར་ཡོད་པའི་ཚ་བ་དབུས་རྒྱུན་ལས་དང་མི་མང་མཉམ་ཞུགས་ཐོག་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་གྱེར་འདོན་དང་བཅས་དྷ་ས་མེཀ་གྷན་ནས་དཔའ་བོའི་རྡོ་རིང་བར་དུ་མར་མེའི་ཁྲོམ་སྐོར་གནང་ཡོད་པ་རེད།

དཔའ་བོ་རྡོ་རིང་སར་མི་མང་ལྷན་འཛོམས་ཐོག་འཚེ་མེད་ཡོད་ཏན་སྐྱོར་རྗེས་དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་གྱིས་བོད་མི་དཔའ་བོ་འཕགས་པ་རྒྱལ་མཚན་ནས་རང་གིས་རང་ལ་གྲི་འཛུག་དགོས་པའི་རྒྱུ་རྐྱེན་དང་ཁོང་གིས་འབོད་སྒྲ་གང་སྒྲོགས་ཡོད་མེད་སོགས་མི་མང་ལ་གསལ་བཤད་གནང་དོན། “ཟླ་༥ ཚེས་༧ ཉིན་ཆབ་མདོ་ཁུལ་ཚ་བ་མཛོ་སྒང་སྟོང་འབར་ཡུལ་ཚོའི་བོད་མི་འཕཊ་པ་རྒྱལ་མཚན་ལགས་ཀྱིས། ས་གནས་ཀྱི་གཏེར་ཁ་སྔོག་འདོན་པར་ངོ་རྒོལ་ཆེད་རང་ལུས་ལ་གྲི་བཙུགས་པ་དང་ཁང་པའི་ཡང་སྟེང་ནས་མར་མཆོང་སྟེ་རང་ཤི་བརྒྱབ་རྗེས། བོད་མི་རིག་འཛིན་གཙོས་པའི་ཡུལ་མི་ཁག་ཅིག་གིས་ཁོང་གི་སྐུ་ཕུང་རང་ཁྱིམ་དུ་བསྐུང་ཡོད་འདུག

ཉིན་དེའི་ཕྱི་དྲོ་འཕཊ་པ་རྒྱལ་མཚན་ཛ་དྲག་གི་གནས་སྟངས་འོག་འདས་གྲོངས་སུ་ཕྱིན་རྗེས་བོད་མི་རིག་འཛིན་གྱིས་གཏེར་ཁ་སྔོག་འདོན་པར་ངོ་རྒོལ་ཆེད་རང་ལུས་ལ་གྲིས་བརྒྱབ་ཏེ་ཁང་པའི་ཡང་སྟེང་དུ་མཆོང་རྩིས་བྱས་ཡོད་འདུག་ལ། སྐབས་དེར་ཡུལ་མི་ཚོས་བཀག་འགོག་བྱས་ནས་ཆབ་མདོའི་སྨན་ཁང་ཞིག་ཏུ་བསྐྱལ་ཏེ་སྨན་བཅོས་བྱེད་ཀྱི་ཡོད་ཀྱང་། ཉེན་རྟོག་པས་སྨན་ཁང་གི་མཐའ་བསྐོར་ཏེ་དམ་དྲག་ལྟ་སྲུང་བྱས་ཡོད་སྟབས། ད་ཆར་ཁོང་འཆི་གསོན་གྱི་གནས་སྟངས་གསལ་བོ་མ་ཤེས་པར་ལྷག་ཡོད་འདུག་”ཅེས་སོགས་ངོ་སྤྲོད་གནང་སོང་།

དེ་རྗེས་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་རྒྱ་གར་བུ་མོ་གཉིས་ནས་དབྱིན་སྐད་ཐོག འཕགས་པ་རྒྱལ་མཚན་ནས་རང་གིས་རང་ལ་གྲི་འཛུག་དགོས་པའི་རྒྱུ་རྐྱེན་དང་ཁོང་གིས་འབོད་སྒྲ་གང་སྒྲོགས་ཡོད་མེད་སོགས་མི་མང་ལ་གསལ་བཤད་གནང་རྗེས་གྲོལ་ཡོད་པ་རེད།།

Share this:
༢༠༨ ཀློག་གྲངས།