མང་གཙོའི་ཐོབ་ཐང་དེ་ཤུགས་ཆེ་རུ་གཏོང་རྒྱུའི་བསམ་བློ་ཡོད།

ཡུ་རོབ་ཁུལ་གྱི་བོད་མི་མང་སྤྱི་འཐུས་གསར་པ་བཀྲས་མཐོང་དབང་པོ་ལ་བཅར་འདྲི།

སྤྱི་འཐུས་བཀྲས་མཐོང་དབང་པོ།
སྤྱི་འཐུས་བཀྲས་མཐོང་དབང་པོ།

བཀྲས་མཐོང་བསྟན་འཛིན་དབང་པོ་ནི་༡༩༦༣ ལོར་སུད་སིའི་ས་གནས་ཊོརོ་གེན་(Trogen)ཞེས་པར་སྐྱེས། ཛུ་རེཁ་གཙུག་ལག་མཐོ་སློབ་དུ་ལོ་རྒྱུས་གཙུག་ལག་རབ་འབྱམས་ཐོན་རྗེས། ལས་ཞོར་དུ་ཡུ་རོབ་བོད་རིགས་གཞོན་སྐྱེས་ལྷན་ཚོགས་དང་འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། སུད་སི་བོད་རིགས་མཛའ་མཐུན་ལྷན་ཚོགས་དང། བོད་ཀྱི་གློག་བརྙན་ཚོགས་པའི་རྒྱུན་ལས་སོགས་གནང་མྱོང་ཡོད་འདུག

དྲི་བ། ཡུ་རོབ་ཁུལ་དུ་བོད་མི་ཚོས་བོད་དོན་ཆེད་ཆབ་སྲིད་ལས་འགུལ་སྤེལ་ཕྱོགས་ག་འདྲ་ཡོད་རེད་དམ།
ལན། རྒྱལ་ཁབ་སོ་སོའི་ནང་ནུས་ཤུགས་ཡོང་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པ་རེད་མོད། ཁག་པོ་ཞེ་དྲག་ཡོད་རེད། བོད་པ་ཚོ་ཁ་འཐོར་ནས་བསྡད་ཡོད་པ་དང་། གྲངས་ཀ་ཉུང་ཉུང་ཡིན་དུས། འབྲེལ་བ་བྱེད་དགོས་ས་དེར་འགྲོ་བདེ་པོ་ཡོད་པ་མ་རེད། རྒྱལ་ཁབ་ཁ་ཤས་ནང་ང་ཚོ་སྔོན་ནས་གཞིས་ཆགས་ཡོད་པས། ཆབ་སྲིད་པ་ངོ་ཤེས་དེ་འདྲ་ཡོད་རེད། ཁོ་ཚོ་བརྒྱུད་ནས་ང་ཚོའི་རེ་འདུན་ག་རེ་ཡིན་ནའང་གཞུང་ནང་ལ་སླེབས་ཐུབ་པ་ཞིག་བྱེད་ཀྱི་ཡོད་པ་རེད། ཡུ་རོབ་ཀྱི་རྒྱལ་ཁབ་ཁ་ཤས་ནང་བོད་མིའི་དོན་གཅོད་ཁག་ཅིག་ཡོད་པ་དང་། དེ་བཞིན་མི་མང་དང། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཅིག་ཡོད་པ་བཅས་མཉམ་རུབ་ཀྱིས་བོད་དོན་ལས་འགུལ་སྤེལ་གྱི་ཡོད་པ་རེད། སུད་སི་ལྟ་བུ་ཡིན་ན་སྔོན་མ་ནས་བོད་ཀྱི་གཞོན་ལྷན་ཚོགས་པ་དང་། བུད་མེད་ཚོགས་པ་ཡོད་པ་རེད། སྦེལ་རྗམ་ཡིན་ན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་འདྲ་འདུག དེ་ཚོ་ཚང་མས་བོད་དོན་ལ་ལས་ཀ་བྱེད་ཀྱི་ཡོད་པ་རེད། ནུས་པ་ཆེན་པོ་ཐོན་ཐུབ་ཀྱི་ཡོད་པ་མ་རེད། ཡིན་ནའང་། གྲངས་ཀ་ཉུང་ཉུང་ལ་དཔག་པའི་ཡག་པོ་རེད་བསམ་གྱི་འདུག ཡུ་གུར་མི་རིགས་དང་། རྒྱ་ནག་གི་མང་གཙོ་དོན་གཉེར་བ་སོགས་དང་བསྡུར་ན། ང་ཚོ་བོད་པ་ཚོ་གང་སར་མཐོང་རྒྱུ་ཡོད་པ་དང། ཆ་འཇོག་བྱེད་ས་ཞིག་ཆགས་ཀྱི་ཡོད་རེད། ༧རྒྱལ་བ་རིན་པོ་ཆེ་ཡུ་རོབ་ནང་མང་པོ་ཕེབས་ཀྱི་ཡོད་པས། མི་ཚང་མས་ཏཱ་ལའི་བླ་མ་ཟེར་དུས་ཧ་གོ་ཡི་ཡོད་རེད། ང་ཚོར་དེ་རྒྱབ་གཉེར་ཡོད་པས་ལས་ཀ་བྱེད་ཐུབ་ཀྱི་ཡོད་པ་རེད། བོད་པའི་གསུམ་བཅུའི་དུས་དྲན་དང་། བོད་ནང་རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་སྐབས། ལས་འགུལ་སྤེལ་གྱི་ཡོད་པ་རེད། དེ་བཞིན་ཡུ་རོབ་ནང་བོད་པའི་སྐོར་གྱི་སྐད་ཆ་སླེབས་སྐབས། ཆབ་སྲིད་པ་དེ་ཚོར་ཐུག་ནས་བོད་དོན་ཐོག་བསམ་བློ་གཏོང་སྟངས་དང་། རྒྱབ་སྐྱོར་བྱེད་དགོས་ཀྱི་འདུག་ཅེས་ཞུ་ཡི་ཡོད་པ་རེད།

དྲི་བ། ལས་འགུལ་སྤེལ་སྐབས་དཀའ་ངལ་ཆེ་ཤོས་ག་རེ་རེད།
ལན། ང་ལས་འགུལ་བ་ཞིག་རེད། གཞུང་གི་སྒྲིག་འཛུགས་ནང་འདུག་མྱོང་མེད་པའི་མི་ཞིག་རེད། ཁག་ཤོས་དེ་བོད་པའི་ནང་གཅིག་པུའི་མ་ཡིན་པར། རྒྱལ་ཁབ་གཞན་གྱི་སྤྱི་ཚོགས་ནང་བོད་དོན་སྐད་ཆ་སླེབས་ཐུབ་རྒྱུ་ཁག་པོ་འདུག ལོ་ལྟར་གཅིག་པ་ཡོང་གི་མི་འདུག དཔེར་ན་༢༠༠༨ ལོར་ལྟ་བུ་ཡིན་ན། རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་སྐབས། ཡུ་རོབ་ནང་དུ་བོད་པའི་གནས་ཚུལ་ཤུགས་ཆེན་པོ་སླེབས་པ་རེད། བོད་ནང་དུ་ལས་འགུལ་ཆེན་པོ་བྱུང་བ་དང་། ང་རང་ཚོས་ཕྱི་ལོགས་སུ་ལས་འགུལ་གྲ་སྒྲིག་ཡོད་པས། ནུས་པ་ཡོང་གི་འདུག ལོ་གཉིས་གསུམ་ལ་གླེང་སློང་གང་ཡང་མ་ཐུབ་པ་ཡང་ཡོད་པ་རེད། གོ་སྐབས་མེད་དུས་བསྒུག་སྡོད་རྒྱུ་རེད། ཨུ་ཚུགས་བརྒྱབ་ནས་འགྲོ་ས་མི་འདུག གོ་སྐབས་ཡོད་དུས་ལས་ཀ་ཤུགས་ཆེན་པོ་བྱེད་ཐུབ་པ་ཡོད་རེད། ང་ཚོ་གཏན་འཇགས་ལས་བྱེད་མིན་པས། མཐུན་རྐྱེན་སྐྱོ་པོ་རེད། གོ་སྐབས་ཡོད་དུས་ལེན་རྒྱུ་ཡང་མཚམས་རེར་བསམ་པ་ནང་བཞིན་བྱེད་མ་ཐུབ་པ་ཡང་ཡོང་གི་འདུག རིམ་པས་ཡར་རྒྱས་ཡོང་གི་འདུག་ལ། ཡར་རྒྱས་གཏོང་རྒྱུ་མང་པོ་འདུག་བསམ་གྱི་ཡོད།

དྲི་བ། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་ནང་གཞུང་དང་མི་མང་གི་ནང་དུ་བོད་དོན་ལ་ལྟ་སྟངས་སྔོན་དང་བསྡུར་ན་ད་ལྟ་ག་འདྲ་འདུག
ལན། མི་མང་གིས་བོད་ལ་བསམ་བློ་གཏོང་སྟངས་དང་། གཞུང་གིས་བསམ་བློ་གཏོང་སྟངས་ལ་ཁྱད་པར་ཆེན་པོ་ཡོད་རེད། གཞུང་གིས་རྒྱ་ནག་མཉམ་དུ་ཚོང་འབྲེལ་བྱེད་རྒྱུ་དང་། རྒྱལ་ཁབ་སོ་སོའི་ནང་གི་ཚོང་པར་ལམ་ཁ་སྟོན་རྒྱུའི་བསམ་བློ་ཤུགས་ཆེན་པོ་ཡོད་པས། བོད་པའི་གནད་དོན་ཆུང་ཆུང་ཆགས་ཀྱི་ཡོད་རེད། མི་མང་ནང་ནས་བོད་པའི་གནས་ཚུལ་བདེན་པ་ཡིན་པ་དང་། ༧རྒྱལ་བ་རིན་པོ་ཆེས་གསུངས་པ་དེ་རན་པོ་ཡོད་པ། ཞི་བའི་ཐོག་ནས་དཀའ་ངལ་སེལ་དགོས་པ་སོགས་ལ་རྒྱབ་སྐྱོར་ཡོད་རེད། མི་མང་ཁྲོད་རྒྱབ་སྐྱོར་ཡོད་པ་དེ་གཞུང་གི་ནང་དུ་སླེབས་ཐབས་སུ་ང་ཚོས་ལས་ཀ་བྱེད་རྒྱུ་དེ་ལས་འགན་རེད། སྔོན་དང་བསྡུར་ན། སུད་སིའི་ནང་དུ་ང་ཚོར་རྒྱབ་སྐྱོར་ཤུགས་ཆུང་དུ་འགྲོ་ཡི་འདུག ཁོང་ཚོ་རྒྱ་ནག་མཉམ་དུ་ཚོང་འབྲེལ་ཤུགས་ཆེན་པོ་རེད། སྤྱིར་བཏང་ཡུ་རོབ་མཉམ་འབྲེལ་ནང་དུ་ཕྱི་སྲིད་ལ་ཁོ་ཚོ་ནང་ཁུལ་དུ་ཁ་འགྲིག་པོ་མེད་པས། རྒྱ་ནག་དང་ཨུ་རུ་སུ། ཨ་ཧྥི་རི་ཀ་སོགས་ལ་འབྲེལ་བ་བྱེད་རྒྱུ་ཁོང་ཚོ་ཁ་འགྲིག་པོ་མེད་པས་ནུས་པ་ཐོན་རྒྱུ་ཁག་པོ་ཆགས་ཡོད་རེད། དེ་ཡུ་རོབ་ཀྱི་དཀའ་ངལ་རེད། ང་ཚོ་ལ་ཅིག་བྱེད་རོགས་ཞེས་འཛུབ་མོ་འཛུགས་རྒྱུ་ཁག་པོ་ཆགས་འདུག

དྲི་བ། ༧གོང་ས་མཆོག་དང་། གཞུང་གི་ངོས་ནས་དབུ་མའི་ལམ་གྱི་སྲིད་ཇུས་བཟུང་སྟེ་རྒྱ་ནག་ལ་འབྲེལ་བ་ཞིག་ཡོང་ཐབས་བྱེད་ཀྱི་ཡོད་པ་དང་། གཞོན་ལྷན་ཚོགས་པ་དང། སྒེར་པ་མང་པོས་རང་བཙན་རྩོད་དགོས་སྐོར་བརྗོད་ཀྱི་ཡོད་རེད། དེའི་ཐོག་ཁྱེད་ལ་དགོངས་ཚུལ་ག་རེ་ཡོད།
ལན། ང་རང་ཚོས་གཏན་འབེབས་བྱས་པའི་སྲིད་ཇུས་དེ་དབུ་མའི་ལམ་རེད། ༢༠༠༨ ལོར་ང་ཚོས་དམིགས་བསལ་ཚོགས་ཆེན་ཚོགས་སྐབས་ཚང་མ་འཛོམས་ནས་དབུ་མའི་ལམ་གྱི་ཐོག་ཏུ་བབ་པ་རེད། ཡིན་ཡང་དེའི་སྐབས་དབུ་མའི་ལམ་གྱི་ཐོག་ནས་དོན་དག་མ་འགྲུབ་པའི་གནས་ཚུལ་བྱུང་ན། ཉམས་ཞིབ་བྱས་ཏེ་རང་བཙན་དང་། རང་ཐག་རང་གཅོད། དེ་མ་ཡིན་པའི་ལམ་ཁ་ག་རེ་ཡོད་ལ་བསམ་བློ་གཏོང་དགོས་ཀྱི་འདུག་ཅེས་དགོངས་པ་རྒྱ་ཆེན་པོ་བཞེས་ཏེ། ཚོགས་ཐོག་ཏུ་གཏན་འབེབས་བྱས་ཡོད་རེད། ད་ལྟ་རང་བཙན་དང་། དབུ་མའི་ལམ་ལ་འགྲོ་བའི་སྐད་ཆ་མ་རེད། ཉམས་ཞིབ་བྱེད་རྒྱུའི་དུས་ཚོན་རན་འདུག་དང་མི་འདུག དེའི་ཐོག་བསམ་ཚུལ་ཡོད་རེད། ང་ལྟ་བུ་ཡིན་ན་དེའི་ཐོག་ཉམས་ཞིབ་བྱེད་རྒྱུ་འགོ་ཚུགས་དགོས་ཀྱི་འདུག་མ་གཏོགས། དེ་བཞག་བཞག་ན་འགྲིག་གི་མི་འདུག དངོས་ཡོད་གནས་ཚུལ་༧རྒྱལ་བ་རིན་པོ་ཆེས་འབད་བརྩོན་ག་ཚོད་གནང་ཡང་། ཕར་ཕྱོགས་ནས་ཡ་ལན་གཅིག་ཀྱང་མེད་པས། ང་ཚོས་ལམ་ཀ་ག་འདྲ་ཞིག་འཚོལ་དགོས་རེད། དབུ་མའི་ལམ་དུ་འགྲོ་ན་ཡར་རྒྱས་ག་རེ་གཏོང་རྒྱུ་འདུག དེ་མ་ཡིན་པའི་ལམ་ཁ་ག་རེ་འདུག དེའི་ཐོག་བསམ་བློ་གཏོང་དགོས་པ་རེད་མ་གཏོགས། གཏན་འབེབས་བྱས་ཏེ་འགྱུར་བ་གཏོང་རྒྱུ་མེད་པའི་གནས་ཚུལ་ཞིག་རེད་བསམ་གྱི་མི་འདུག

དྲི་བ། ཁྱེད་རང་ད་ལྟ་གྲོས་ཚོགས་ནང་སླེབས་ནས། ཉེ་ཆར་དམ་འབུལ་བྱས་པ་རེད། གྲོས་ཚོགས་ནང་ལས་དོན་གཙོ་བོ་ག་རེ་གནང་རྩིས་ཡོད།
ལན། སྔོན་མ་ནས་མང་གཙོའི་ཐོབ་ཐང་དེ་ཤུགས་ཆེ་རུ་གཏོང་རྒྱུའི་བསམ་བློ་ཡོད། ང་ཚོ་སྐྱབས་བཅོལ་ནང་དུ་ཡང་མི་མང་གི་མང་གཙོའི་ཐོབ་ཐང་དང་། མང་མོས་འོས་བསྡུ་(Referendum) གསར་པ་ག་རེ་འདུག་བསམ་བློ་གཏོང་དགོས་པ་རེད་བསམ་གྱི་འདུག ད་ལྟའི་བར་དུ་དེ་འདྲ་མི་འདུག དེ་ནས་ཡུ་རོབ་ནང་དུ་འབྲེལ་བ་དང་ང་ཚོའི་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུ་དེ་གལ་ཆེན་པོར་བརྩི་ཡི་ཡོད།

དྲི་བ། ཡུ་རོབ་ཀྱི་ནང་དུ་བོད་མི་ཚོ་བོད་ཡིག་དང་བོད་སྐད་ཀྱི་སློབ་སྦྱོང་དང་དོ་སྣང་ག་འདྲ་འདུག
ལན། བོད་པའི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་བརླག་འགྲོ་ཡི་འདུག་བསམ་པའི་དངངས་སྐྲག་དེ་བོད་མི་ཚང་མར་ཡོད་རེད། ཡིན་ནའང་བོད་ནང་དུ་བསྡད་པ་ནང་བཞིན་ཡོང་ཐབས་ཡོད་པ་མ་རེད། གཞོན་སྐྱེས་ཚོར་བོད་པའི་རིག་གཞུང་སྐོར་ལ་དོ་སྣང་ཆེན་པོ་འདུག་ལ། ཚང་མར་འགན་ཡོད་པ་རེད། མཚམས་རེར་ང་ཚོས་དཀའ་ངལ་འདུག ཡག་པོ་མི་འདུག་ཟེར་གྱི་ཡོད་རེད། ཡིན་ནའང་ཡག་པོ་བྱས་པ་དེ་ཡང་མཐོང་རྒྱུ་གལ་ཆེན་པོ་རེད། གང་ཐུབ་བྱེད་ཀྱི་ཡོད་པ་རེད། དཔེར་ན་སུད་སི་ལ་བོད་ཡིག་བསླབ་ན། སུད་སིའི་གནས་བབས་དང་མཐུན་པའི་བོད་ཡིག་ལས་སླ་བོ་དེ་ཚོ་སློབ་རྒྱུ་གལ་ཆེན་པོ་རེད། ཕྱིའི་ལུང་པ་ཞིག་གི་ནང་དུ་བསྡད་དུས་བོད་ལ་བསྡད་པ་དང་རྒྱ་གར་ནང་དུ་བསྡད་པ་ནང་བཞིན་ཡོང་གི་མ་རེད། དེ་ངོས་ལེན་བྱེད་དགོས་ཀྱི་རེད། དེའི་ཐོག་ག་རེ་བྱེད་ཀྱི་འདུག ཤུགས་རྒྱག་དགོས་པ་རེད། བོད་ལ་བསྡད་པ་ནང་བཞིན་ཡོང་དགོས་ཀྱི་ཡོད་ན། ཕར་འགྲོ་རྒྱུ་ཡོད་པ་མ་རེད། བོད་དང་རྒྱ་གར་ནང་དུ་འདུག་དགོས་རེད། །

Share this:
༡༠༣ ཀློག་གྲངས།