རྒྱ་གར་གྱི་འོས་བསྡུ་ཆེན་མོ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༩༠ ཕྱི་ལོ་ ༢༠༡༤/༥/༡༤
རྒྱ་གར་ནི་ས་ཡི་གོ་ལ་ཧྲིལ་པོ་འདིའི་སྟེང་ནས་མང་གཙོ་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་ལ། ༢༠༡༤ ལོའི་རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ནང་མཉམ་ཞུགས་བྱེད་མཁན་མི་གྲངས་དུང་ཕྱུར་ལྔ་དང་བྱེ་བ་བཞི་(540 million)བྱུང་ཡོད་པ་དང་། འོས་འཕེན་པའི་ཆ་རྐྱེན་ཚང་བའི་མི་འབོར་གྱི་ངོས་ནས་བཤད་ན་ལོ་འདིར་བརྒྱ་ཆ་༦༦% གིས་འོས་འཕངས་པ་ནི་རྒྱ་གར་གྱི་ལོ་རྒྱུས་ཐོག་ནས་བརྒྱ་ཆ་མཐོ་ཤོས་ཀྱི་ཟིན་ཐོར་སླེབས་ཡོད་པ་རེད། འདས་པའི་ལོ་རྒྱུས་ནང་ཕྱི་ལོ་༡༩༨༤ ལོའི་འོས་བསྡུ་ཆེན་མོའི་ནང་བརྒྱ་ཆ་༦༤% ཙམ་གྱིས་འོས་འཕངས་པ་དེ་ཚད་མཐོ་ཤོས་ཆགས་ཡོད་ཀྱང། ལོ་འདིར་སྔོན་མའི་བརྒྱ་ཆ་མཐོ་ཤོས་ཀྱི་ཟིན་ཐོ་དེ་གཏོར་ཐུབ་པ་བྱུང་ཡོད་འདུག མང་གཙོ་ཅན་གྱི་སྤྱི་ཚོགས་ཤིག་ལ་མཚོན་ན་གཞུང་གི་དཔོན་རིགས་ཁག་མི་མང་གིས་འོས་འདེམས་བྱེད་དགོས་པར་བརྟེན། གཞུང་གིས་མི་མང་ལ་བསྟུན་དགོས་པ་གལ་ཆེན་པོར་གྱུར་ཡོད་ཀྱང། རྒྱ་ནག་ལྟ་བུའི་དམར་ཤོག་གི་ལམ་ལུགས་སུ་ཁས་འཆེ་བའི་དབང་འཛིན་པ་ཚོས་མི་མང་ལ་བསྟུན་དགོས་པ་གང་ཡང་མེད་པར་མི་མང་ལ་བཙན་བཀའ་གཏོང་རྐྱང་བྱེད་བཞིན་ཡོད་པ་རེད།

ལོ་འདིའི་འོས་བསྡུའི་རྒྱལ་ཁ་སྲིད་དོན་ཚོགས་པ་གང་ལ་ཐོབ་ཡོད་མེད་ཟླ་འདིའི་ཕྱི་ཚེས་༡༦ ཉིན་གསལ་བསྒྲགས་བྱེད་རྒྱུ་ཡིན་འདུག་ལ། གྲོས་ཚོགས་ཀྱི་འཐུས་མི་རྣམས་ཐད་ཀར་མི་མང་གིས་འོས་འདེམས་བྱས་པ་ཡིན་པས། མི་མང་གི་རེ་བ་དང་འདོད་མོས་དེ་ཨང་དང་པོ་བརྩི་མ་ཐུབ་ན་སླར་ཡང་ཞབས་སྟེགས་རག་དཀའ་བ་དང། མི་སྒེར་རེ་ཟུང་གིས་ཡག་པོ་བྱས་པའི་དབང་དུ་བཏང་ཡང་སྲིད་དོན་ཚོགས་པ་སྤྱི་ཡོངས་ནས་ཡག་པོ་བྱས་མེད་ན་གཞུང་སྲིད་འཛིན་པའི་རྒྱལ་ཁ་དེ་འཐོབ་མི་སྲིད་པ་རེད། ད་དུང་རྒྱ་གར་མི་མང་གི་ངོས་ནས་འདས་པའི་སྐབས་གཉིས་རིང་ཀོང་རེ་སི་ཚོགས་པར་རྒྱབ་སྐྱོར་བྱས་ཡོད་པ་དང། ད་ལྟའི་ཆར་བྷི་ཇེ་བྷི་ཚོགས་པར་འོས་ཀྱིས་རྒྱབ་སྐྱོར་བྱས་ནས་གཞུང་བརྗེ་བོ་རྒྱག་རྒྱུར་འཆར་གཞི་དང་གྲ་སྒྲིག་ཡོད་པའི་རྣམ་འགྱུར་ཕྱོགས་ཡོངས་ནས་གསལ་པོ་ཆགས་ཡོང་གི་འདུག སྲིད་དོན་ཚོགས་པ་ཆེན་པོ་གཅིག་གིས་རྒྱུན་རིང་གཞུང་འཛིན་པ་བྱས་ན་ལྐོག་ཟ་རུལ་སུངས་སོགས་ཀྱི་ཐོག་ནས་དཀའ་ངལ་མང་བ་འཕྲད་སྲིད་པར་ངོས་འཛིན་བྱེད་མཁན་མང་གཙོ་ཅན་གྱི་རྒྱལ་ཁབ་ཁག་ཏུ་གཅིག་གྱུར་ཡིན་པ་རེད།

ལོ་འདིའི་རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ནང་རྒྱ་གར་དུ་གནས་སྡོད་བོད་མི་གང་འཚམས་ཤིག་གིས་འཛུལ་ཞུགས་བྱས་ཡོད་པ་དང། ཁག་ཅིག་གིས་ངོམ་སོ་དང་སྤོབས་པའི་ཐོག་ནས་འོས་བླུགས་ཡོད་པ་དང། ཁག་ཅིག་གིས་བོད་དོན་འཐབ་རྩོད་ཀྱི་གནས་བབས་ཐོག་ནས་གྱོང་གུད་ཅིག་ཏུ་ངོས་འཛིན་བྱེད་མཁན་ཡང་བྱུང་ཡོད་པ་རེད། བོད་མི་ཉུང་ཤས་ཤིག་གི་འོས་ཤོག་ལ་བརྟེན་ནས་རྒྱ་གར་གྱི་ཆབ་སྲིད་ལ་ཕན་ནུས་ཡོད་པ་ཞིག་མིན་ཡང། བོད་པ་རང་ངོས་ནས་གནད་དོན་འདི་ལ་ཕྱོགས་ཡོངས་ནས་བསམ་ཞིབ་བྱེད་དགོས་པ་དེ་ཡང་ཧ་ཅང་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད། ད་ལན་རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ནང་འཛུལ་ཞུགས་བྱས་པ་དེས་ཕྱིའི་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་ཞུ་མཁན་གྱི་བོད་མི་རྣམས་ལ་ཤུགས་རྐྱེན་ཟློག་ཕྱོགས་ནས་ཐེབས་ངེས་ཀྱང། ཕྱིའི་རྒྱལ་ཁབ་ཁག་ཏུ་མི་སེར་གྱི་ཐོབ་ཐང་ལེན་གང་ཐུབ་བྱེད་ཆོག་ས་ནས་རྒྱ་གར་ནང་དུ་གནས་སྡོད་བྱེད་མཁན་ཚོས་དེ་ལྟར་བྱེད་མི་ཆོག་པ་གང་ཡང་མེད་པས་གནད་དོན་འདི་ནི་དོ་སྣང་ཆེན་པོ་བྱེད་འོས་པ་ཞིག་ཏུ་གྱུར་མེད།

འོན་ཀྱང་ད་ལྟའི་ཆར་རྒྱ་གར་མི་སེར་གྱི་ཐོབ་ཐང་བླངས་པའི་ན་གཞོན་དག་ལ་མཚོན་ན། མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་པའི་ཁོངས་སུ་འཛུལ་ཞུགས་ཆོག་མིན་དང། སྐྱབས་བཅོལ་བོད་པའི་མིང་ཐོག་ནས་རག་བསྡད་པའི་སློབ་ཡོན་དང་མཐུན་རྐྱེན་གཞན་ཁག་མ་འོངས་པར་རག་དང་མི་རག དཔེར་ན་བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིར་མི་༥༠༠༠ གཏོང་ཐུབ་པའི་འབད་བརྩོན་བྱེད་བཞིན་པ་དེ་གལ་སྲིད་གཏན་འཁེལ་བྱུང་བ་ཡིན་ན། སྐབས་དེ་དུས་ད་སྐབས་མི་སེར་གྱི་ཐོབ་ཐང་ལེན་མཁན་རྣམས་འཛུལ་ཞུགས་བྱེད་ཆོག་གི་རེད་དང་མ་རེད། འདི་དང་འདི་ལྟ་བུའི་གནད་དོན་མང་པོ་ཞིག་ཡོད་པར་བརྟེན། བོད་པ་སྐྱབས་བཅོལ་བའི་སེམས་ཀྱི་རེ་བ་དང་བསྟུན་ནས་བཤད་ན་ད་ལན་གྱི་གནས་ཚུལ་འདི་ཁེ་བཟང་ཞིག་ཡིན་ནམ། གྱོང་གུད་ཅིག་ཡིན་ད་ལྟའི་ཆར་ཁ་ཚོན་བཅད་ནས་བཤད་དཀའ་བ་ཞིག་ཏུ་གྱུར་ཡོད། ཅིག་བྱས་ན་མི་མང་པོ་ཞིག་ལ་མ་འོངས་པར་འགྱོད་པ་ཆེན་པོ་བྱེད་དགོས་པའི་དུས་ཚོད་ཅིག་ཀྱང་འཆར་མི་སྲིད་པ་མ་རེད་སྙམ།

བོད་པ་མང་ཆེ་བའི་སེམས་ལ་དེབ་སེར་པོ་བཟུང་ནས་ཕྱི་རྒྱལ་ཁག་ལ་འགྲོ་སྐབས་དཀའ་ངལ་མང་པོ་ཡོད་པ་དང། རྒྱ་གར་གྱི་ཕྱི་བསྐྱོད་ལག་ཁྱེར་ཡོད་ན་དཀའ་ངལ་དེ་རང་བཞིན་གྱིས་སེལ་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ད་ལྟ་རྒྱ་གར་གྱི་འོས་འཕེན་པའི་ལག་ཁྱེར་བཟོས་ནས་འོས་འཕངས་པ་དེ་ཡང། རྒྱ་གར་གྱི་ཕྱི་བསྐྱོད་ལག་ཁྱེར་རག་ཐུབ་པའི་ཆ་རྐྱེན་ལྟ་བུར་བརྩི་གི་ཡོད་སྲིད་པ་དང། མཐོང་ཆེ་ཆུང་ལ་མ་ལྟོས་པར་བོད་མི་སྐྱབས་བཅོལ་བ་ཚོ་ལའང་ཕྱི་བསྐྱོད་ལག་དེབ་སེར་པོ་ཞིག་རྒྱ་གར་གཞུང་གིས་སྤྲད་ཡོད་པ་རེད། དོན་དམ་པར་ཁྲིམས་དང་ཐོབ་ཐང་གི་ཐོག་ནས་རྒྱལ་ཁབ་ཅིག་གི་མི་སེར་ལ་མཚོན་ན་ཐོབ་ཐང་ཆེ་ཤོས་འོས་ཤོག་བླུག་རྒྱུ་དེ་ཡིན་ལ། འོས་བླུགས་ནས་གཞུང་བརྗེ་པོ་རྒྱག་རྒྱུར་ཡང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད། ཕྱི་བསྐྱོད་ལག་ཁྱེར་ནི་མི་སེར་ངོ་མ་མིན་ཡང་རག་སྲིད་པ་ཞིག་རེད། དེར་བརྟེན་སྤྱི་ཡོངས་ཀྱི་གལ་ཆེ་ཤོས་དེ་བོད་པའི་ངོས་ནས་ཕྱི་བསྐྱོད་ལག་ཁྱེར་ཙམ་རག་ཐུབ་པའི་ཆེད་དུ་དམིགས་ཡོད་ན་ཐོབ་ཐང་དང་གལ་ཆེ་ཆུང་བརྩི་སྟངས་ཀྱི་ཐོག་ནས་དོན་དངོས་དང་ཧེ་བག་ཆེན་པོ་ཤོར་ཡོད་པ་རེད།།

Share this:
༡༧༩ ཀློག་གྲངས།