འབའ་པ་ཕུན་དབང་ལ་མཆོད་འབུལ་སྨོན་ལམ།

ཟླ་འདིའི་ཚེས་༡༨ ཉིན་མོན་གྷོ་ས་གན་སུ་འབའ་སྡེ་མངའ་རི་ཞིང་ཁམས་ཤེས་ཡོན་ཐེབས་རྩ་ཚོགས་པའི་གོ་སྒྲིག་འོག ཁམས་འབའ་ཐང་སེར་སྐྱ་ཐུན་མོང་གིས་དམ་པ་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་སྐུ་གྲོངས་ནས་ཞག་ཞེ་དགུ་འཁོར་བའི་ཉིན་མོ་དང་སྟབས་བསྟུན་མཆོད་འབུལ་སྨོན་ལམ་འཚོགས་ཡོད་པ་རེད།

news photos  (1)6གོ་སྒྲིག་པས་འགྲེལ་པས། མཆོད་འབུལ་སྨོན་ལམ་འདི་དམ་པ་ཕུན་ཚོགས་དབང་རྒྱལ་གཙོས་པའི་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་གཅེས་པའི་རང་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་ཕོ་མོ་ཡོངས་ཀྱི་དགེ་བའི་ས་བོན་ལེགས་སུ་སྨིན་ཏེ། སླར་ཡང་རང་ཡུལ་ཁ་བ་གངས་ཅན་གྱི་ཞིང་ཁམས་འདིར་རིང་ནས་སྙིང་དུ་བརྣག་པའི་འདོད་དོན་རང་དབང་གཙང་མའི་དཔལ་ལ་དགའ་སྤྲོའི་ལོངས་སུ་སྤྱད་ཅིང་གོ་འཕངས་རིན་པོ་ཆེ་མགྱོགས་ནས་མྱུར་དུ་རེགས་ཕྱིར་བཅས་སུ་དམིགས་ཡོད་སྐོར་འགྲེལ་བརྗོད་གནང་འདུག

ཉིན་འདིའི་སྔ་དྲོ་འདས་སྤྱི་ཡོངས་ལ་མང་ཇ་དང་སྐུ་འགྱེད་བཅས་བསྙེན་བཀུར་ལེགས་པར་ཞུས་ཡོད་པ་དང་། དེ་བཞིན་ཟླ་འདིའི་ཚེས་༡༦ ཉིན ཚ་བ་མཚོ་སྣ་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པར་བརྟེན་དམ་པ་ཁོང་གིས་ས་ལམ་ལ་བར་ཆད་མེད་ཕྱིར་བསྔོ་སྨོན་ཡང་གསུངས་སོང་ལ། འབྲས་སྤུངས་ཚོགས་ཆེན་དགེ་བསྐོས་དགེ་བཤེས་མཁྱེན་རབ་ཆོས་རྒྱལ་མཆོག་གིས་མཚོ་སྣ་རིན་པོ་ཆེ་ནི་བོད་བརྒྱུད་ནང་བསྟན་སྤྱི་དང་ལྷག་པར་བོད་པའི་སྐད་ཡིག་གི་མཚོན་བོད་དོན་ཐོག་ཧ་ཅང་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཞིག་ཡིན་སྐོར་ཡང་འགྲེལ་བརྗོད་གནང་སོང་།

ལྷོ་ཕྱོགས་གསར་འགོད་པས།

Share this:
༢༤༤ ཀློག་གྲངས།