རྒྱལ་སྤྱིའི་ཁྲིམས་གཞི་ལག་བསྟར་བྱེད་ཕྱོགས་ཐོག་བོད་དོན་གླེང་སློང་།

ཡུ་རོབ་རྒྱལ་ཁབ་སི་པན་གྱི་རྒྱལ་སའི་ནང་འཚོགས་བཞིན་པའི་དུས་རབས་ཉེར་གཅིག་པའི་རྒྱལ་སྤྱིའི་ཁྲིམས་གཞི་ལག་བསྟར་བྱེད་ཕྱོགས་ཞེས་པའི་བགྲོ་གླེང་ལྷན་ཚོགས་ཐོགཚོགས་བཅར་བ་རྣམས་ནས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་སྐོར་ལ་གླེང་སློང་བྱས་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༠ཉིན་གྱི་ཚོགས་འདུ་ཉིན་དང་པོའི་ལས་རིམ་ཐོག་རྒྱལ་ཁབ་འདྲ་མིན་ནང་ཁྲིམས་གཞི་ལག་བསྟར་བྱེད་ཕྱོགས་དང་འགྲོ་བ་མིའི་ཐོབ་ཐང་།དེ་བཞིན་མང་ཚོགས་ཀྱི་རང་དབང་བཅས་བརྗོད་གཞི་ཁག་འདྲ་མིན་སྐོར་ལ་གླེང་སློང་བྱེད་སྐབས།ཚོགས་བཅར་བ་རྣམས་ནས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་།རང་དབང་སོགས་ཀྱི་ཐོག་རྒྱལ་སྤྱིའི་གཞུང་ཚབ་ཁག་ནས་དྲང་བདེན་གནང་དགོས་པ་མ་ཟད།དེ་བཞིན་ཉེ་ཆར་སི་པན་གཞུང་ནས་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་རྒྱལ་ཁབ་དེའི་ཆེས་མཐོའི་ཁྲིམས་ཁང་ནས་རྒྱ་ནག་གི་དཔོན་རིགས་ཟུར་པ་ཁག་གཅིག་འཛིན་བཟུང་བྱ་རྒྱུའི་ཁྲིམས་སྒྲིག་ལ་བསྒྱུར་བ་བཏང་བའི་གནད་དོན་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

གནད་དོན་དེའི་སྐོར་བགྲོ་གླེང་དུ་ཆེད་བཅར་ཞུས་པའི་ཡུ་རོབ་ཀྱི་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་གྱིས་བརྒྱུད་ལམ་ལ་གསུངས་པ་ལྟར་ན།སྤྱིར་བཏང་འཛམ་གླིང་གི་ཁྲིམས་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་གི་སྐད་ཆ་ཤོད་རྒྱུ་ཡོད།གཙོ་ཆེ་ཤོས་ཐེངས་འདིིའི་བགྲོ་གླེང་ལྷན་ཚོགས་དུ་ཕེབས་པའི་ཚོགས་བཅར་བ་རྣམས་ནས་བོད་དོན་ཐོག་དྲང་བདེན་བྱེད་དགོས་ཀྱི་རེད། རྒྱལ་སྤྱིའི་ཁྲིམས་ཀྱིས་དྲང་བདེན་གཞི་ལ་བཞག་སྟེ་ལས་དོན་སྒྲུབ་དགོས་ཀྱི་ཡོད་པ་རེད་ཅེས་སོགས་འདུག །

Share this:
༢༨ ཀློག་གྲངས།