རྩེད་རིགས་འགྲན་སྡུར་གྱི་གལ་གནད།

    བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྩེད་རིགས་དོ་སྣང་བྱེད་ས་ཤུགས་ཆེ་ཤོས་དེ་ཆགས་ཡོད་ལ། ད་དུང་ཡང་དེ་གཅིག་པུ་མ་ཡིན་པར་རྩེད་རིགས་འདྲ་མིན་གོ་སྒྲིག་གིས་མིང་དོན་མཚུངས་པའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་ཞིག་ཡོང་ཐབས་བྱེད་དགོས། བོད་མི་ཡོངས་ཀྱིས་དེ་ལ་རྒྱབ་སྐྱོར་མཐུན་རྐྱེན་སྦྱོར་ཐབས་བྱེད་དགོས་པ་ནི་སྨོས་མེད་རེད། བཙན་བྱོལ་བོད་མི་ཚོས་ལས་དོན་བྱེད་སྐབས་དཀའ་ངལ་གཙོ་བོ་གཅིག་དཔལ་འབྱོར་གྱི་མཐུན་རྐྱེན་ཡིན་ལ། དེ་ལས་གཞན་ཞིག་ཡོད་པ་ནི་གཅིག་རང་བྱེད་པ་ལས་སྣ་འཛོམས་ཡོང་ཐབས་ཀྱི་སྤོབས་པ་ཡང་ཆུང་ཆུང་རེད། མཚམས་རེར་རྩེད་མོ་འགྲན་སྡུར་སོགས་ཀྱི་སྐབས་འཁྲུག་རྩོད་ཆུང་ཙག་རེ་ཤོར་ན་དེ་ལ་མང་ཚོགས་ནང་བསམ་ཡུལ་ལས་འདས་པའི་དཀྲོག་བཏམ་བཟོས་ཏེ་བཤད་སྲོལ་མང་དུ་འགྲོ་བ་དང། ཡང་རྩེད་རིགས་ལ་ལྷག་བསམ་རྣམ་དག་ཡིན་མཁན་ཚོས་ཀྱང་བློ་ཕམ་ཆེན་པོའི་ཞེད་སྣང་བྱེད་ཀྱི་ཡོད་པ་རེད། སྤྱིར་བཏང་འཁྲུག་རྩོད་འགོག་ཐབས་དགོས་ལ་བློ་ཕམ་ཡང་བྱེད་འོས་མོད། རྩེད་རིགས་འགྲན་རྩོད་བྱེད་སར་འཁྲུག་རྩོད་ཆུང་ཙག་གང་སར་འབྱུང་གི་ཡོད་ནའང། ཛ་དྲག་ཆེན་པོ་ཡང་དེ་ཙམ་མིན་ལ། བོད་པའི་རྩེད་འགྲན་སྐབས་འཁྲུག་རྩོད་ཤོར་མཁན་ཡང་ཆེས་ཉུང་ཉུང་རེད། ཐེངས་འདིའི་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་དབུ་འབྱེད་སྐབས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་དོན་གྲུབ་ཀྱིས། ¿1[0f62]ྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་བཅོ་ལྔ་བྱས་པ་རེད། དེའི་རིང་རྩེད་འགྲན་པ་རང་གི་ནང་དུ་འཁྲུག་རྩོད་ཐེངས་གཅིག་ཀྱང་ཤོར་མྱོང་མེད། དཀའ་ངལ་དེ་མང་ཚོགས་ཀྱི་ནང་ནས་འཕྲད་ཀྱི་འདུག ཚང་མས་དགོངས་པ་བཞེས་རོགས་¿1[0f5e]ེས་འབོད་སྐུལ་གནང་ཡོད་པ་དེས་ཀྱང་རྩེད་མོ་བ་རྣམས་འཆམ་མཐུན་ངང་རྩེ་ཐུབ་ཀྱི་ཡོད་པ་མཚོན་ཐུབ། འཁྲུག་རྩོད་ཅུང་ཙམ་རེ་བྱུང་བ་ལ་བརྟེན་ནས་རྩེད་མོ་མཚམས་འཇོག་དང། ཡར་རྒྱས་གཏོང་རྒྱུར་སེམས་ཤུགས་ཆག་པ་སོགས་དུས་ནམ་ཡང་བྱེད་མི་ཉན། ད་ལྟའི་འཛམ་གླིང་འདིའི་ནང་དུ་དཔུང་པ་མཉམ་གཤིབ་བྱས་ཏེ་འགྲོ་བ་ལ་རྩེད་རིགས་ཡང་གལ་གནད་ཆེན་པོ་ཆགས་ཡོད་པས་ཚང་མས་མདུན་སྐྱོད་ལ་རྒྱབ་སྐྱོར་ཡོང་ཐབས་བྱེད་དགོས། རྒྱལ་ཁབ་ཚང་མའི་ནང་ཕྲུ་གུ་ཆུང་ཆུང་ཡིན་དུས་ནས་རྩེད་མོའི་ཐོག་རིགས་གཅིག་རྐང་འཛིན་བྱེད་འཇུག་གི་ཡོད་ལ། གཞུང་འབྲེལ་གྱི་ཐོག་ནས་རྩེད་རིགས་ཐོག་ཤུགས་སྣོན་ཆེ་ཤོས་རྒྱག་མཁན་ཞིག་ནི་རྒྱ་ནག་ཆགས་ཀྱི་ཡོད་པ་རེད། བོད་པའི་ངོས་ནས་ཀྱང་རྩེད་རིགས་ཐོག་རིགས་གཅིག་རྐང་འཛིན་བྱས་ཏེ་ཁྱད་དུ་འཕགས་པ་ཞིག་མ་བྱུང་ཡང། ནམ་རྒྱུན་སོ་སོ་ནང་ཁུལ་ལ་སྤྲོ་སྣང་ཡོང་བ་དང། སྤྱི་ཚོགས་ཕན་ཚུན་བར་ངོ་ཤེས་རྒྱུས་ལོན་བྱེད་ཐབས་སོགས་གཙོ་བོར་དམིགས་ནས་ལོ་རེའི་ནང་རྩེད་རིགས་འགྲན་སྡུར་སྣ་འཛོམས་ཡོང་ཐུབ་དགོས། ཡང་ཁ་ཤས་ཀྱིས་ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་པས། དེའི་རིགས་ལ་ཤུགས་སྣོན་བརྒྱབ་ན་དུས་ཚོད་འཕྲོ་བརླག་ཏུ་བརྩི་སྲིད་མོད། རྩེད་རིགས་ཀྱི་ངོ་བོའི་ཐོག་ནས་བོད་མི་རིགས་ལ་ཕན་པའི་ལས་དོན་ཡང་གང་མང་བྱེད་རྒྱུ་ཡོད་པ་སྨོས་མེད་རེད།།

Share this:
༩༡ ཀློག་གྲངས།