རང་སྲེག་གི་ཀུན་སློང་གང་ཡིན་ཡང་ཆོས་དང་མི་མཐུན་ཟེར།

ཏྲེ་ཧོར་ཐུབ་བསྟན་གྱིས་བསྒྱུར་སྒྲིག་བྱས།

ད་ལོའི་ཕྱི་ཟླ་༥ པའི་འགོ་སྟོད་དུ་༧གོང་ས་མཆོག་ནོར་ཝེ་རུ་ཆིབས་བསྒྱུར་བསྐྱངས་སྐབས་བོད་ནང་ཡང་ནས་བསྐྱར་དུ་འབྱུང་བཞིན་པའི་ཡ་ང་བའི་རང་སྲེག་གི་དོན་རྐྱེན་སྐོར་བཀའ་ཕེབས་པའི་ནང་། རང་ལུས་མེ་སྲེག་གི་བྱ་སྤྱོད་ཆོས་དང་མཐུན་མིན་ནི་ཀུན་སློང་ལ་བརྟེན་ནས་ཐག་གཅོད་དགོས་པ་མ་ཟད། དེའི་ཐད་བརྟག་དཔྱད་དང་ཞིབ་འཇུག་དགོས་པའི་འབོད་སྐུལ་གནང་བ་དེར་ཆེད་དུ་དམིགས་ཏེ། ཉེ་ཆར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དུ་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང་ཀུན་སློང་ཅི་ལྟ་བུ་ཞིག་ཡིན་ནའང་ནང་པའི་ཆོས་དང་མི་མཐུན་པ་དང་། ཏཱ་ལ་ཡིས་རང་སྲེག་ལུགས་མཐུན་ཡིན་པའི་རྒྱུ་མཚན་འཚོལ་བཞིན་པ་རེད་ཅེེས་ལན་འདེབས་བྱས་འདུག

རྒྱ་ནག་གསར་སྤེལ་ཁང་(CNS)གིས་པེ་ཅིང་དུ་ཡོད་པའི་བོད་རིག་པ་ཞིབ་འཇུག་མི་སྣ་ཞིག་གི་སྐད་ཆ་ལུང་འདྲེན་བྱས་ཏེ། ཀུན་སློང་ཅི་ལྟ་བུ་ཞིག་ཡིན་ནའང་ནང་པའི་ཆོས་གཞུང་དང་མི་མཐུན་པ་དང་་། ཏཱ་ལ་ཡི་བྱ་སྤྱོད་ནི་ཆོས་ལུགས་ཀྱི་ཁ་གཡར་ས་བཙལ་ཏེ་ཆབ་སྲིད་ཀྱི་དམིགས་ཡུལ་བསྒྲུབ་འདོད་པ་ཙམ་རེད་ཅེས་བརྗོད་འདུག་ལ། རྒྱ་ནག་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་ཟེར་བའི་ཆོས་ལུགས་ཞིབ་འཇུག་ཚན་པའི་འགན་འཛིན་ལི་ཏི་ཁྲན་གྱིས་༧གོང་ས་མཆོག་གིས་གསུངས་པའི་རང་སྲེག་སྐོར་གྱི་བཀའ་མོལ་ལ་ལན་འདེབས་བྱས་དོན། ཆོས་ལུགས་ལ་ཆོས་ཀྱི་ལྟ་བ་དང་གཞུང་ལུགས། ཆོས་ཁྲིམས་སོགས་ཡོད་པས་ཆོས་ལུགས་ཀྱི་བྱེད་སྒོ་མཐའ་དག་ཀུན་སློང་ལ་བརྟེན་ནས་ཐག་གཅོད་མི་ནུས། ནང་པའི་ཆོས་ཀྱི་སྙིང་པོ་ནི། སྡིག་པ་ཅི་ཡང་མི་བྱ་ཞིང་།། དགེ་བ་ཕུན་སུམ་ཚོགས་པར་སྤྱད། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན་ཞེས་གསུངས་པ་ལྟར།། ནང་པའི་ཆོས་ཀྱི་མི་དགེ་བ་བཅུའི་དང་པོ་སྲོག་གཅོད་པ་ཡིན་པ་མ་ཟད། དགེ་བ་བཅུ་ཡི་དང་པོ་ཡང་སྲོག་མི་གཅོད་པ་ཡིན་ཞིང་། བོད་བརྒྱུད་ནང་བསྟན་གྱི་ནང་དུའང་ཚེ་སྲོག་ལ་གཅེས་འཛིན་དགོས་སྐོར་གསུངས་ཡོད། དེར་བརྟེན་ཀུན་སློང་ཅི་ལྟ་བུ་ཞིག་ཡིན་ནའང་། རང་སྲེག་དང་ཡང་ན་བརྒྱུད་སྐུལ་གྱི་བྱ་སྤྱོད་ཐམས་ཅད་ནང་པའི་ཆོས་དང་མི་མཐུན་པ་དང་། ཏཱ་ལ་ཡིས་རང་སྲེག་གི་ཆེད་དུ་ལུགས་མཐུན་གྱི་རྒྱུ་མཚན་འཚོལ་བཞིན་པ་ཙམ་རེད་ཅེས་བརྗོད་འདུག

ཕྱི་ཟླ་༥ པའི་འགོ་སྟོད་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནོར་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་༢༥ འཁོར་བའི་དུས་དྲན་དང་སྟབས་བསྟུན་ནོར་ཝེ་རུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། རྒྱ་ནག་སྲིད་གཞུང་གིས་དེའི་སྔོན་ནས་ནོར་ཝེ་གཞུང་ལ་གནོན་ཤུགས་སྤྲད་པའི་རྐྱེན་གྱིས་གཞུང་འབྲེལ་དཔོན་རིགས་དང་མཇལ་འཕྲད་གནང་མེད། ༧གོང་ས་མཆོག་གིས་སྐབས་དེར་ནོར་ཝེ་རུ་བགྲོ་གླེང་ཞིག་ཏུ་བོད་མིའི་རང་སྲེག་སྐོར་ལ་བཀའ་ཕེབས་སྐབས། རང་ལུས་མེར་སྲེག་དེ་ཆོས་ཀྱི་ཐོག་ནས་ནོར་འཁྲུལ་ཡིན་མིན་ནི་མཐའ་གཅིག་ཏུ་ཀུན་སློང་ལ་རག་ལས་པ་དང་། གལ་ཏེ་ང་རྒྱལ་དང་ཞེ་སྡང་གི་ཕྱོགས་སུ་ལྷུང་པ་ཡིན་ན་ཆོས་དང་འགལ་བ་དང་། གལ་སྲིད་དེ་ལས་ལྡོག་སྟེ་བྱམས་དང་སྙིང་རྗེའི་ཀུན་སློང་ལ་བརྟེན་ནས་བྱུང་བ་ཡིན་ན་དེ་ཙམ་ཆོས་དང་མི་མཐུན་པ་མེད་སྐོར་གསུངས་པ་དེར། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཏུ་སྤེལ་བའི་རྩོམ་དེའི་ནང་། “ཏཱ་ལའི་བླ་མས་ཀུན་སློང་ཁ་ཤས་ཤིག་གི་འོག་རང་སྲེག་ངོ་རྒོལ་གྱི་བྱ་སྤྱོད་དེ་མཐའ་གཅིག་ཏུ་ནོར་འཁྲུལ་མིན་པའི་ངོས་འཛིན་བྱས་པ་རེད་”ཅེས་བརྗོད་འདུག

ཕྱི་ལོ་༢༠༠༩ ནས་བཟུང་རྒྱ་ནག་སྲིད་གཞུང་གིས་བོད་དུ་འཛིན་པའི་དྲག་པོའི་སྲིད་ཇུས་ལ་ངོ་རྒོལ་གྱི་རང་ལུས་མེར་སྲེག་བྱེད་མཁན་རྒྱུན་མ་ཆད་པར་ད་ལྟའི་བར་༡༣༠ ཙམ་བྱུང་ཡོད་ལ། ཁོང་ཚོས་ཁ་གཅིག་གྲགས་ཀྱིས་བོད་ལ་རང་དབང་དགོས་པ་དང་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་འབོད་སྒྲ་སྒྲོག་བཞིན་ཡོད་ཀྱང་། རྒྱ་ནག་དམར་པོའི་གཞུང་གིས་བོད་མིའི་རང་སྲེག་ནི་༧གོང་ས་མཆོག་གཙོས་པའི་བཙན་བྱོལ་བོད་མིས་བརྒྱུད་སྐུལ་བྱས་པ་ཡིན་པའི་སྐྱོན་འཛུགས་བྱས་ཡོད།

དེ་བཞིན་༧གོང་ས་མཆོག་གིས་སྐབས་དེར་ནོར་ཝེ་རུ་ནོར་ཝེ་གྲོས་ཚོགས་གཙོས་པའི་ཕྱི་ཕྱོགས་ཀྱི་ཚོགས་པ་དང་སྒྲིག་འཛུགས་ཁག་གིས་བོད་ནང་གི་རང་སྲེག་ལ་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཞིབ་འཇུག་གནང་སྟེ། དེའི་རྒྱུ་རྐྱེན་དངོས་གནས་དེ་གང་ཡིན་མིན་བརྩད་གཅོད་བྱེད་དགོས་ལ། རྒྱ་ནག་གི་འགོ་ཁྲིད་ཚོ་ཡིན་ནའང་དེ་ལྟར་བརྟག་དཔྱད་དང་ཞིབ་འཇུག་བྱེད་དགོས། གང་ཡིན་ཟེར་ན་ས་གནས་སྲིད་གཞུང་གིས་གོང་རིམ་ལ་ཡང་དག་པའི་གནས་ཚུལ་མཁོ་སྤྲོད་བྱེད་ཁག་པོ་རེད་ཅེས་བཀའ་ཕེབས་ཡོད།

རྒྱ་ནག་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་ཟེར་བའི་ཞིབ་འཇུག་པ་ལེའེ་ཞང་མིང་གིས་ཏཱ་ལ་ཡི་དེ་ལྟ་བུའི་འབོད་སྐུལ་གྱི་མཇུག་འབྲས་མི་ལེགས་པ་དང་། གལ་ཏེ་ནོར་ཝེ་ཕྱོགས་ནས་བོད་མིའི་འཚོ་བའི་ཐད་ལ་རྒྱུས་ལོན་བྱ་འདོད་ཡོད་ན། གདན་ཞུ་བྱས་ཏེ་བོད་ལྗོངས་དང་སི་ཁྲོན་བོད་ཁུལ་གྱི་ས་གནས་སྲིད་གཞུང་གི་དཔོན་རིགས་རྣམས་དང་མཉམ་དུ་བསམ་ཚུལ་བརྗེ་ལེན་བྱེད་ཆོག་ལ། དེ་ལ་བརྟེན་ནས་དངོས་ཡོད་ཀྱི་གནས་ཚུལ་ཐོག་མ་དེ་རག་ཐུབ་པ་ལས། ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་གི་སྐད་ཆར་ཡིད་ཆེས་དགོས་དོན་མེད་ཅེས་བརྗོད་འདུག

ད་དུང་ཁོང་གིས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་དོན། ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པའི་ངོས་ནས། ཏཱ་ལ་ཡིས་འདས་པའི་མི་ལོ་བཅུ་གྲངས་ནང་ཕྱི་རྒྱལ་གྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་རེད། སྤྱིར་ཁོང་གིས་རང་ཉིད་ཆོས་ལུགས་པ་ཞིག་ཡིན་པའི་ཁྱབ་བསྒྲགས་བྱེད་བཞིན་ཡོད་ཀྱང་། བྱ་སྤྱོད་དང་སྨྲ་བརྗོད་གཉིས་ཀར་མངོན་གསལ་དོད་པོའི་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད། ད་ཐེངས་ནོར་ཝེ་སྲིད་གཞུང་གི་དཔོན་རིགས་ཀྱིས་ཏཱ་ལའི་དང་མཇལ་འཕྲད་མ་བྱས་པ་དེ་ངོས་འཛིན་བྱེད་རིན་ཡོད་པ་ཞིག་རེད། ཡིན་ནའང་ཏཱ་ལ་ནོར་ཝེ་རུ་ཡོང་བཅུག་པ་ཙམ་གྱིས་འགྲིག་ཡོད་པ་མ་རེད་ཅེས་བརྗོད་འདུག

ད་ལྟའི་ཆར་དབུས་བོད་མིའི་སྒྲིག་འཛུགས་དང་སྐུ་སྒེར་ཡིག་ཚང་ཕྱོགས་གང་ནས་ཀྱང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དུ་སྤེལ་བའི་རྩོམ་ཡིག་དེར། ཡོངས་གྲགས་ཐོག་ལན་འདེབས་གང་ཡང་བྱས་མེད་པ་རེད།།

Share this:
༥༢ ཀློག་གྲངས།