བླ་ཆེན་ཞིག་འདི་ལྟར་འགྲོ་སྲིད་དམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༩༡ ཕྱི་ལོ་ ༢༠༡༤/༥/༢༡
རྒྱ་གར་གྱི་ནང་པའི་བླ་ཆེན་ཞིག་ཉེ་ཆར་རྒྱ་གར་གྱི་འོས་བསྡུ་ཆེན་མོའི་རྒྱལ་ཕམ་གྱི་གནད་དོན་ཁྲོད་ཁོང་ཉིད་ཀྱི་ཐུགས་འདོད་མ་ཁེངས་པའི་བློ་ཕམ་ལ་བརྟེན་ནས་རང་སྲོག་བཅད་པ་རེད་ཅེས་རྒྱ་གར་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་ཆེན་པོ་ཆགས་སོང། གནད་དོན་དེ་གོ་བ་ཙམ་གྱིས་སེམས་སྐྱོ་བ་དང་རང་བཞིན་གྱིས་ཐེ་ཚོམ་སྐྱེ་དགོས་པའི་གནད་དོན་ཞིག་ཏུ་གྱུར་སོང། ཁོང་ནིི་ཆོས་ཕྱོགས་ནས་སྤྲུལ་སྐུ་ཆེན་པོ་ཞིག་ཡིན་པ་ཙམ་དུ་མ་ཟད། ནང་པའི་གཞུང་ཆེན་ཁག་ལ་སློབ་སྦྱོང་མང་པོ་གནང་མྱོང་མཁན་ཞིག་ཡིན་པ་དང། ཆབ་སྲིད་ཀྱི་ཕྱོགས་ནས་ཀྱང་མངའ་སྡེའི་བློན་ཆེན་དང། རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་ཡང་བྱེད་མྱོང་བས་བཟང་ངན་མང་པོ་བརྒྱུད་མྱོང་ཞིང་ཡག་སྡུག་མང་པོ་གོ་མྱོང་བའི་སྐྱིད་ཐེག་སྡུག་ཐེག་གི་མི་ཉམས་མྱོང་ཅན་ཞིག་ཡིན་དགོས་པ་ལས། འོས་བསྡུའི་རྒྱལ་ཕམ་གྱི་གནད་དོན་ཙམ་ལ་བརྟེན་ནས་རང་སེམས་གཅུན་མི་ཐུབ་པར་རང་སྲོག་གཅོད་དགོས་པ་ཞིག་ཡིན་མི་སྲིད་པ་ལྟ་བུ་རེད་སྙམ་ནས་གནས་ཚུལ་འདི་ལ་ཐེ་ཚོམ་དང། དོགས་འདྲི་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་ཡོང་གི་འདུག

གལ་སྲིད་གནད་དོན་འདི་བདེན་པ་ཡིན་ན་སྤྱི་ཡོངས་ནས་མ་འགྲིག་པ་ཞིག་དང། ལྷག་པར་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་འདྲ་མཉམ་དང་གུ་ཡངས་ཅན། ལྷག་པར་དུ་ནང་སེམས་ཀྱི་བདེ་སྐྱིད་འཚོལ་བ་ལ་མེད་ཐབས་མེད་པའི་སེམས་ཀྱི་ཚན་རིག་ཅིག་ཡིན་ཞེས་ང་ཚོས་ཡང་ཡང་བཤད་མྱོང་བའི་སྐད་ཆ་འདི་དག་ལ། ལྡོག་ཕྱོགས་ནས་འགྲེལ་བཤད་བྱེད་མཁན་དག་ལ་ལག་ཆ་ཞིག་ཏུ་འགྱུར་མི་སྲིད་པ་མ་རེད། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་མང་པོ་ཞིག་ལ་ནང་སེམས་ཀྱི་ཐོག་ནས་དཀའ་ངལ་འཕྲད་བཞིན་ཡོད་པ་དང། དེ་སེལ་བའི་ཐབས་མཆོག་ཏུ་གྱུར་པ་དེ་ནང་པ་སངས་རྒྱས་པའི་ཆོས་ལུགས་ཡིན་ཞེས་བརྗོད་བཞིན་ཡོད་ཀྱང། ཆོས་ཕྱོགས་ཀྱི་སྤྲུལ་སྐུ་ཆེན་པོ་ཞིག་དང་ནང་པའི་ཆོས་ཀྱི་ལྟ་གྲུབ་དང་གཞུང་ལུགས་སློབ་སྦྱོང་ཆ་ཚང་གནང་མྱོང་མཁན་ཞིག་གིས་འཇིག་རྟེན་གྱི་བྱ་བ་ཙག་ཙག་ཅིག་གི་ཆེད་དུ་རང་ཉིད་དང། རང་ཉིད་ཀྱི་འབྲེལ་ཡོད་དེ་ཕམ་མི་ཆོག་པའི་བསམ་བློ་ཞིག་གིས་རང་སྲོག་རང་གིས་བཅད་པ་རེད་ཅེས་བརྗོད་ཡོང་བའི་ཚེ་རྒྱུ་མཚན་དེ་ལྟ་གྲུབ་དང་གཞུང་ལུགས་ཀྱི་ཐོག་ནས་ཡིད་ཆེས་བྱེད་དཀའ་བ་ཞིག་ཏུ་གྱུར་པ་རེད།

སྤྱིར་བདག་ཅག་གི་སྟོན་པས་སློབ་པ་ལམ་གྱི་གནས་སྐབས་ན་གཞན་གྱི་ཆེད་དུ་སྐུ་སྲོག་བློས་གཏོང་གནང་བའི་གྲངས་ཀ་བགྲང་དུ་མེད་པ་དང། དབུ་དང་ཡན་ལག་གི་སྦྱིན་པ་བཏང་བའི་ལོ་རྒྱུས་ཀྱང་མདོ་མཛངས་བླུན་སོགས་སུ་ཧ་ཅང་མང་པོ་ཡོད། འོན་ཀྱང་དེ་དག་ཚང་མ་ཕན་སེམས་དང་གཞན་གྱི་ཆེད་དུ་ལྷག་པའི་བསམ་པ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ་རང་ཉིད་ཀྱི་ཚེ་སྲོག་བློས་གཏོང་གནང་བ་ཞིག་ལས། ཉོན་མོངས་པའི་མགོ་གནོན་མ་ཐུབ་པར་མི་དཀྱུས་མ་ཁྱིམ་པ་མི་ནག་ཅིག་གི་བྱེད་སྟངས་དང་འདྲ་བར་རང་སྲོག་རང་གིས་བཅད་པ་ཞིག་གཏན་ནས་མ་རེད། དེར་བརྟེན་ད་ལན་ཡིད་ཆེས་དཀའ་བའི་གསར་འགྱུར་འདི་དག་གིས་སྐུ་གཤེགས་རིན་པོ་ཆེ་ཁོང་ཉིད་ཙམ་མ་ཡིན་པར་སྤྱིར་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་རྗེས་འབྲངས་པ་དག་ལའང་ངོ་གནོངས་དགོས་པའི་ལོ་རྒྱུས་ཤིག་ཏུ་གྱུར་ཡོད་པས། གླེང་ཕྱོགས་འདི་མི་གཞན་ཞིག་གིས་ཆེད་དུ་བཟོས་པའི་གནས་ཚུལ་ཞིག་གམ། ཡང་ན་འདིའི་རྒྱབ་ལྗོངས་སུ་ད་དུང་ཡ་ང་བའི་གནས་ཚུལ་དང་གསང་བ་ཟབ་མོ་ཞིག་ཀྱང་ཡོད་མི་སྲིད་པ་མ་རེད་སྙམ།

ད་དུང་གནད་དོན་འདི་དང་འབྲེལ་ནས་བཤད་དགོས་པ་ཞིག་ལ་ཆོས་དང་ཆབ་སྲིད་གཉིས་ཟློག་ཕྱོགས་ཁོ་ན་ཡིན་པ་དང། འདི་གཉིས་ལམ་གཅིག་ཏུ་འགྲོ་ཐབས་གཏན་ནས་མེད་པའི་བསམ་ཚུལ་བཤད་མཁན་ཡང་མང་པོ་ཡོད་ལ། ལྷག་པར་དུ་ཐེག་པ་ཆེན་པོའི་རྗེས་སུ་འབྲངས་མཁན་གྱི་ཆོས་ལུགས་པ་ཞིག་གི་ཕུགས་བསམ་མམ་མཐར་ཐུག་གི་དམིགས་ཡུལ་བདག་ལས་གཞན་གཅེས་ཀྱི་བསམ་བློ་རྣལ་མ་ཞིག་གིས་གཞི་བྱས་ཏེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་རྒྱུ་དེ་ཡིན་པ་དང། ཆབ་སྲིད་ཀྱི་རང་ཁེ་གཞན་ཕམ་གྱི་དམིགས་ཡུལ་ཁོག་ལ་བཅུག་པའི་འགྲན་རྩོད་གཉིས་གཞི་གཅིག་ཏུ་བསྒྲིགས་ནས་བརྟག་དཔྱད་བྱས་ཚེ། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དག་གི་སྤྱོད་ཡུལ་དུ་གྱུར་པ་ཞིག་ཡིན་སྲིད་ཀྱང། མི་རང་ག་བ་ཞིག་གི་བློ་ངོར་མི་མཐུན་རྟ་གཡག་མགོ་སྦྲེལ་ཞེས་པ་དང་གཅིག་མཚུངས་ལྟ་བུར་མཐོང་ཡོང་གི་འདུག

དེར་བརྟེན་ཆོས་ལུགས་མི་སྣ་རྣམས་དེང་དུས་ལྐོག་གཡོ་དང་འགྲན་རྩོད་ཆེ་བའི་ཆབ་སྲིད་ཀྱི་ནང་དུ་ཞུགས་ཚེ་སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་ཆོས་ལུགས་ཀྱི་བསླབ་བྱ་དང་བཅས་ཁྲིམས་ཀྱི་ཐིག་ཤིང་གཉིས་འབྲལ་མེད་དུ་འཁྱེར་དགོས་པ་ཞིག་ལས། མི་ནག་ཕལ་བ་ནང་བཞིན་བྱེད་མི་རུང་བ་འདི་ཡང་གླེང་ཕྱོགས་འདི་ལ་བརྟེན་ནས་དྲན་སྐུལ་ཐེངས་གཅིག་བྱས་པ་ཞིག་ཏུ་ངོས་འཛིན་བྱེད་ཆོག། ཆུང་ས་ནས་ཆབ་སྲིད་ཀྱི་སྟེགས་བུ་རུ་བཞུགས་པའི་ཆོས་ལུགས་ཀྱི་མི་སྣ་རྣམས་ཀྱིས་རྣམ་འགྱུར་དང་ཀུན་སྤྱོད་གཅིག་པུའི་ཐོག་ནས་ཀྱང། ཁྱིམ་པ་མི་ནག་པ་ཞིག་དང་མཚུངས་བསྡུར་བྱེད་མི་ཐུབ་པར་ཡ་རབས་བཟང་སྤྱོད་ཀྱི་ཞག་རྩི་ཡོད་པ་ཞིག་དགོས་པ་འདི་ཡང་བསྟན་པའི་མིག་ལྟོས་ཤིག་ཏུ་གྱུར་ཡོད། ད་ལྟའི་གནས་ཚུལ་འདི་མཐའ་གཅིག་ཏུ་བདེན་པ་ཡིན་པའི་ཡིད་ཆེས་བྱེད་ཐུབ་པ་ཞིག་གཏན་ནས་མིན་ཡང། གནས་ཚུལ་གླེང་སྟངས་ཀྱི་ཐོག་ནས་ཆོས་ལུགས་པ་འཇིག་རྟེན་ཆབ་སྲིད་ཀྱི་འགྲན་རྩོད་ནང་དུ་ཞུགས་པ་རྣམས་ལ་དྲན་སྐུལ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་ཆོག།།

Share this:
༩༠ ཀློག་གྲངས།