ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་གྱི་དམ་འཇོག

ཡུ་རོབ་གྲོས་ཚོགས་འཐུས་མི་བདུན་ཅུ་བརྒལ་བས་“བོད་དོན་རྒྱབ་སྐྱོར་གྱི་དམ་བཅའ་”ཞེས་པའི་ཡིག་ཆའི་ཐོག་མཚན་རྟགས་བཀོད་ནས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་དམ་བཅའ་བཞག་འདུག

དེ་ཡང་ཕྱི་ཟླ་༥ ཚེས་༣༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༡༤བོད་ཀྱི་ལོ་ཞེས་པའི་བོད་དོན་རྒྱབ་སྐྱོར་གྱི་དམ་བཅའ་ཞེས་པའི་ཡིག་ཆའི་ཐོག་མཚན་རྟགས་འགོད་མཁན་གྱི་མིང་གཞུང་འདོན་སྤེལ་གནང་བའི་ནང། ཡུ་རོབ་རྒྱལ་ཁབ་འདྲ་མིན་བཅུ་དྲུག་གི་ཆབ་སྲིད་ཚོགས་པའི་འཐུས་མི་ཡོད་ཁོངས་ནས་བཞི་བཅུ་ཞེ་གཅིག་བསྐྱར་དུ་འོས་འདེམས་བྱུང་ཡོད་པ་དང། སུམ་ཅུ་སོ་གཉིས་གསར་དུ་འཐུས་མིར་འཁོོད་མཁན་བཅས་ཁྱོན་བསྡོམས་འཐུས་མི་༧༣གྱིས་བོད་དོན་ལ་རྒྱབ་སྐྱོར་གྱི་མཚན་རྟགས་བཀོད་འདུག

དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཆབ་སྲིད་ངེས་སྟོན་པས་གསུངས་གསལ།ཡིག་ཆའི་ཐོག་མཚན་རྟགས་བཀོད་པ་དེ་ནི་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་པ་མ་ཟད།འཐུས་མི་མང་དག་གིས་མཚན་རྟགས་བཀོད་པ་དེས་ཡུ་རོབ་མཐུན་ཚོགས་ངོས་ནས་རྒྱ་ནག་གཞུང་དང་ལྷན་འབྲེལ་བ་བྱེད་སྐབས།བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་མུས་ཐོག་ལ་གླེང་སློང་དང་སྐུལ་མ་མུ་མཐུད་ནས་གནང་རྒྱུ་ཡིན་པའི་རྟགས་མཚན་གསལ་པོ་ཞིག་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་འདུག

ཕྱོགས་མཚུངས་ཡུ་རོབ་གྲོས་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་མི་མང་ཚོགས་པའི་འཐུས་མི་སྐུ་ཞབས་ཐོ་མི་སེ་མན་གྱིས་གསུང་གསལ། ཡུ་རོབ་མཐུན་ཚོགས་ནས་བོད་དོན་ཐོག་ལངས་ཕྱོགས་འཛིན་སྟངས་ནས་མཐུན་ཚོགས་ཀྱི་ངོ་གདོང་ངོ་མ་འདི་མཐོང་གི་ཡོད་པ་མ་ཟད། ང་ཚོའི་ངོས་ནས་བཟང་སྤྱོད་ཀྱི་རིན་ཐང་ལ་ཆེ་མཐོང་ག་ཚོད་འཇོག་གི་ཡོད་མེད་གསལ་པོ་མཚོན་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་འདུག

ལྷག་པར་ཡུ་རོབ་མཐུན་ཚོགས་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐུ་ཞབས་ཨན་ངྷར་གྷ་ངྷིར་གྱིས་གསུང་གསལ།འཐུས་མི་རྣམ་པས་ཡིག་ཆའི་ཐོག་མཚན་རྟགས་བཀོད་པ་དང་དུས་མཚུངས་ཡུ་རོབ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་མུ་མཐུད་གནས་རྒྱུར་རྒྱབ་སྐྱོར་ཡང་མཚོན་བཞིན་ཡོད། ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་དཀའ་ངལ་མང་དག་ཅིག་བསྐྱོན་པའི་གྲུབ་འབྲས་ལ་ད་ལྟ་ཡུ་རོབ་མཐུན་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་རྨང་གཞི་ལྟ་བུར་གྱུར་ཡོད་སྐོར་འགྲེལ་བརྗོད་གནང་འདུག

ཡིག་ཆའི་ཐོག་མཚན་རྟགས་འགོད་མཁན་འཐུས་མི་ ༧༣ཡོད་ཁོངས་ནས་ཕྱེད་ཀ་ལྷག་ཧྥ་རན་སིའི་ལྗང་ཁུ་ཚོགས་པའི་འཐུས་མི་ཡིན་པ་དང་། ཁོང་རྣམ་པས་ཐུན་མོང་ཐོག་བསྒྲགས་གཏམ་ཞིག་ཀྱང་སྤེལ་ཡོད་པ་རེད།།

Share this:
༡༢༢ ཀློག་གྲངས།