ཨ་རིས་ཏཱ་ལི་བྷན་དང་བཙོན་པ་བརྗེ་ལེན་ལ་སྤྱི་མཐུན་ཚོགས་པས་སྐྱོན་བརྗོད།

ཨ་ཧྥི་གྷ་ནན་སི་ཐན་དུ་ལོ་༥ ལ་ཉེ་བའི་རིང་བཀག་ཉར་བྱས་པའི་ཨ་རིའི་དམག་མི་ཞིག་གློད་གྲོལ་ཐོབ་པའི་རྗེས་ཨ་རིའི་དམག་དཔུང་ལ་རྩིས་སྤྲད་བྱས་ཡོད་པ་དང་། ཨ་རིས་དེའི་ཚབ་ཏུ་ཏཱ་ལི་བྷན་གྱི་བཙོན་པ་༥ གློད་གྲོལ་བཏང་ཡོད་པ་རེད།

ཏཱ་ལི་བྷན་(Taliban) གྱིས་ཨ་རིའི་སྐམ་དམག་ཁོངས་ཀྱི་དམག་མི་བྷར་ཌལ་(Bergdahl) ཞེས་པ་གློད་གྲོལ་མ་བཏང་བའི་སྔོན། ཕྱོགས་གཉིས་བར་ཁུ་ཁྲ་(Quta) སྲིད་གཞུང་གིས་བར་འདུམ་འོག་ཟླ་ཤས་རིང་གྲོས་མོལ་བྱས་ཡོད་ཅིང་། གནས་ཚུལ་ནང་ཐོན་པ་ལྟར་ན། ཨ་རིའི་དམག་མི་དེ་པ་ཀི་སི་ཐན་གྱི་མཐའ་མཚམས་ཤིག་ཏུ་ཨ་རིའི་དམིགས་བསལ་དྲག་ཆས་དམག་དཔུང་ལ་རྩིས་སྤྲད་ཡོད་པ་དང་། སྐབས་དེར་ཕྱོགས་གཉིས་བར་དྲག་པོའི་ཟིང་འཁྲུག་གི་གནས་ཚུལ་བྱུང་མེད་པ་རེད། གཟའ་སྤེན་པའི་ཉིན་ཨ་ཧྥི་གྷ་ནན་སི་ཐན་དུ་ཡོད་པའི་ཨ་རིའི་དམག་གི་རྟེན་གཞི་ཞིག་ཏུ་ཁོང་གི་གཟུགས་གཞིའི་གནས་སྟངས་ལ་ཐོག་མའི་བརྟག་དཔྱད་བྱས་པའི་རྗེས། ཐད་ཀར་གནམ་གྲུ་བརྒྱུད་དེ་འཇར་མན་དུ་ཡོད་པའི་ཨ་རིའི་དམག་གི་སྨན་ཁང་དུ་འབྱོར་ཡོད་འདུག

8E0C7082-31FF-4A42-9845-0892AF90A9B1_mw1024_s_nབྷར་ཌལ་གློད་གྲོལ་ཐོབ་པའི་ཆུ་ཚོད་ཁ་ཤས་རྗེས་སྲིད་འཛིན་ཨོ་བྷ་མས་ཕོ་བྲང་དཀར་པོ་རུ་དམག་མི་དེའི་ཕ་མ་གཉིས་ལ་ཐུག་འཕྲད་བྱས་ཡོད་པ་མ་ཟད། ཨོ་བྷ་མས་ཁ་ཁྲ་སྲིད་གཞུང་དང་ཨ་ཧྥི་གྷ་ནན་སི་ཐན་གཉིས་ཀྱིས་བྷར་ཌལ་གློད་གྲོལ་ཆེད་འབད་བརྩོན་ལྷོད་མེད་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། སྲིད་འཛིན་ཨོ་བྷ་མས་བརྗོད་པ་ལྟར་ན། ཨ་རིས་གློད་གྲོལ་བཏང་བའི་ཨ་ཧྥི་གྷ་ནན་སི་ཐན་གྱི་ངོ་ལོག་པ་༥ ཡིས། ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་སྐུལ་མི་བྱེད་པའི་ཐད་ཁ་ཁྲ་སྲིད་གཞུང་གིས་འགན་ལེན་བྱས་ཡོད་པ་རེད།

བཙོན་པ་བརྗེ་རེས་བྱེད་པའི་ཆ་རྐྱེན་གྱི་ནང་། ཁུའུ་བྷ་(Cuba) ཤར་ལྷོའི་ཕྱོགས་ཀྱི་ཨ་རིར་དབང་བའི་གླིང་ཕྲན་གྷའ་ཁྲ་ན་མོ་(Guantánamo ) རུ་ཡོད་པའི་ཨ་རིའི་དམག་གི་བཙོན་ཁང་ནས་གློད་གྲོལ་བཏང་བའི་ཏཱ་ལི་བྷན་གྱི་མི་༥ དེ་ཉུང་མཐར་ཡང་ལོ་གཅིག་རིང་ཁ་ཁྲ་(Quta) ནས་ཁ་བྲལ་ཆོག་གི་མེད་པ་རེད།

ཨ་རིའི་སྤྱི་མཐུན་ཚོགས་པས་སྐྱོན་བརྗོད།

དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་ཁ་གཏད་ཤོག་ཁག་སྤྱི་མཐུན་ཚོགས་པས་བརྗོད་པ་ལྟར་ན། ཁོང་ཚོ་ཨ་རིའི་སྐམ་དམག་ཁོངས་ཀྱི་དམག་མི་བྷར་ཌལ་ཏཱ་ལི་བྷན་གྱིས་བཀག་ཉར་འོག་ནས། རང་དབང་ཐོབ་པར་དགའ་པོ་བྱུང་ཡང་ཨོ་བྷ་མ་སྲིད་གཞུང་གིས་འཇིགས་སྐུལ་རིང་ལུགས་པ་དང་མཉམ་དུ་གྲོས་མོལ་བྱས་པར་སྐྱོན་བརྗོད་བྱས་ཡོད་པ་རེད།

31B0ECB1-CB87-4ABE-A35D-875CB7749005_cx0_cy3_cw0_mw1024_s_nཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་མཱེ་ཁི་རོ་གྷར་(Mike – Rogers) གྱིས་རེས་གཟའ་ཉི་མའི་ཉིན་གསར་འགྱུར་བརྙན་འཕྲིན་ནང་གཏམ་བཤད་སྐབས། ད་ལྟ་འཇིགས་སྐུལ་རིང་ལུགས་པར་ཨ་རིའི་མི་གཏའ་མར་བཙན་ཁྲིད་བྱས་པའི་ནུས་པ་ཡོད་རེད་ཅེས་བརྗོད་འདུག་ལ། གྲོས་ཚོགས་གོང་མའི་འཐུས་མི་དང་དེ་སྔ་ཝེ་ཐི་ནཱམ་དམག་འཁྲུག་ནང་བཙོན་འཇུག་བྱས་མྱོང་བའི་རྗོན་མཱི་ཁན་(John McCain) གྱིས་ཀོ་ལེ་བྷི་ཡ་(Colombia) བརྙན་འཕྲིན་ནང་བརྗོད་དོན། བྷར་ཌལ་དང་བརྗེ་རེས་བྱས་པའི་ཏཱ་ལི་བྷན་གྱི་དྲག་སྤྱོད་པ་ལྔ་ནི་ཏཱ་ལི་བྷན་གྱི་ལྟེ་བའི་ནང་གི་ལྟེ་བ་རེད། ཁོང་ཚོ་གློད་པའི་ཉིན་གཉིས་པ་ནས་དམག་འཁྲུག་ནང་བསྐྱར་དུ་ལོག་སྲིད་པ་རེད་ཅེས་དང་། གྲོས་ཚོགས་འོག་མའི་འཐུས་མི་རྗན་ཨན་རྗི(Jinzienge) ཡིས་རྒྱལ་ཡོངས་བརྙན་འཕྲིན་ལས་ཁུངས་ཀྱི་ལེ་ཚན་ནང་། ཁོང་གནད་དོན་དེའི་སྐོར་ཧ་ལས་ཡོད་སྐོར་དང་། རྩ་ཁྲིམས་ལྟར་ན་གཞུང་གི་དཔོན་རིགས་ཀྱིས་ཐོག་མར་གྲོས་ཚོགས་ལ་སྙན་སེང་གི་ལས་རིམ་བརྒྱུད་དེ་བཙོན་པ་བརྗེ་ལེན་དགོས་ཀྱི་ཡོད་རེད་ཅེས་བརྗོད་འདུག

ཡིན་ནའང་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཧཱ་གྷལ་(Chuck Hagel) གྱིས་རྒྱལ་ཡོངས་བརྙན་འཕྲིན་གྱི་ལེ་ཚན་དེའི་ནང་། ཐོག་མར་གྲོས་ཚོགས་ལ་སྙན་སེང་ཞུ་དགོས་དོན་མེད། གང་ཡིན་ཟེར་ན་གཞུང་གི་འགོ་ཁྲིད་རྣམས་ལ་ཨ་རིའི་དམག་མི་བྷར་ཌལ་གྱི་སྲོག་གི་ཉེན་ཁ་ལ་སེམས་འཚབ་ཡོད་པ་དང་། ཨ་རིའི་གཞུང་ལ་གཞུང་གི་འཐབ་འཛིང་པ་རྣམས་དམག་ས་ནས་ཕྱིར་འཁྲིད་པའི་འོས་འགན་ཡོད་རེད་ཅེས་བརྗོད་འདུག།

Share this:
༦༤ ཀློག་གྲངས།