རང་སྲེག་བོད་མིའི་ཁ་ཆེམས་ནི་དཔང་རྟགས་རེད།

འོད་ཟེར་གྱིས་བརྩམས།   ནགས་ཤོད་སད་མིས་བསྒྱུར།

རང་སྲེག་བོད་མིའི་ཁ་ཆེམས་ནི་བོད་མིས་ཅིའི་ཕྱིར་རང་སྲེག་བྱས་མིན་དཔང་རྟགས་གལ་ཆེན་དེ་རེད། ད་ལྟའི་བར་རང་སྲེག་པ 51 གིས་ཁ་ཆེམས་འཇིག་རྟེན་དུ་བཞག་པ་རེད།དེ་དག་ལས་ལག་བྲིས་མ་དང་། སྒྲ་འཇུགད་དུང་གྲོགས་པོས་བཤད་པ་སོགས་ཡོད།དེའི་ཁྲོད་ནས 46 གྲོངས་པ་དང་།   3 འཆི་གསོན་མ་ཤེས།དེས་མ་ཚད་ད་དུང་མི་མགོ་ལྔ་བཅུ་དྲུག་ཅུ་ཙམ་གྱི་རང་སྲེག་སྐད་འབོད་ཟིན་ཐོར་ཕབ་ཡོད།དེ་ཚོའི་ནང་དོན་སྤྱིའི་ཆ་ནས་གཅིག་མཚུངས་ཡིན་པ་སྟེ། དཔེར་ན།རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་དུ་ཕེབས་འཇུག་དགོས། གོང་ས་ཡིད་བཞིན་ནོར་བུ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོགབོད་ལ་རང་དབང་དགོས། བོད་རང་བཙན་དགོས་སོགས་རེད། མ་གཞི་རང་སྲེག་སྐབས་བོས་པའི་སྐད་སྒྲ་དེ་ནི་སྐད་གསང་མཐོ་བའི་ཁ་ཆེམས་རེད་མོད། ལྟོས་འཇོག་སྒོ་ནས་བཤད་ན། སྔོན་ཚུད་ནས་བཞག་ཟིན་པའི་ཁ་ཆེམས་དེ་དག་རང་སྲེག་སྐབས་ཐོག་གི་འབོད་སྒྲ་ལས་ནང་དོན་སྣ་མང་ཅན་དུ་གྱུར་ཡོད།

ཁ་ཆེམས་དག་གི་ནང་དོན་ལ་གཞིགས་ཏེ་རིམ་པ་དགུར་དབྱེ་རུང་ལ། ཁ་ཆེམས་རིགས་སོ་སོའི་བསྡུར་གྲངས་དམའ་ས་ནས་མཐོ་སར་ཡར་འདེད་བྱས་ན་འདི་འདྲ་ཞིག་རེད།

1, བོད་ནང་གི་བོད་མི་ཚོས་རང་སྲེག་ལམ་ནས་རྒྱལ་སྤྱིའི་སྤྱི་ཚོགས་རོགས་རམ་འཚོལ་གྱི་མེད།

ལྟ་ཚུལ་ཤུགས་ཆེ་བ་ཞིག་ནི་བོད་མིས་རང་སྲེག་བྱེད་དོན་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ལ་དོ་སྣང་སྐུལ་བྱེད་རེད་ཟེར།ཡིན་ནའང་ཁ་ཆེམས་ནང་དོན་གསེད་དུས།རང་སྲེག་པ་གསུམ་ཁོ་ནས་འདི་སྐོར་གླེང་བ་རེད། དེ་ནི་ཁ་ཆེམས་རིམ་པ་ལས་བསྡུར་གྲངས་ཉུང་ཤོས་ཡིན་པ་རེད། དེ་དག་ལས་བོད་ཕྱིའི་རང་སྲེག་བོད་མི་གཉིས་ནས་འཛམ་གླིང་གིས་རོགས་པ་བྱེད་པར་བོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ལ་དོ་སྣང་ཡོང་བར་བསྐུལ། འདི་ནི་རིང་ནས་བྱེས་སྡོད་བོད་མིའི་དམིགས་ཡུལ་གཙོ་བོ་རེད་ལ། ད་ལྟའི་བར་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་མ་ལག་ཚོའི་ལས་ཀའི་དམིགས་འབེན་ཡང་རེད། བོད་ནང་ནས་དྲ་རྒྱའི་རྩོམ་པ་པོ་དགུ་འགྲུབ་གཅིག་པུས་འདི་སྐོར་གླེང་སློང་བྱས་པ་ལས་དེ་མིན་སུས་ཀྱང་བརྗོད་མྱོང་མེད། དེས་ན་ངོས་འདི་ནས་བོད་ཕྱི་ནང་གི་བོད་མི་ཚོའི་མི་འདྲ་ས་དེ་མཐོང་ཐུབ།

2, བོད་སྐད་ཡིག་བོད་མིའི་སེམས་ངོགས་ན་རིན་ཐང་ག་ཙམ་ཡོད།

རང་སྲེག་བོད་མི་མང་པོ་ཞིག་གིས ” མི་རིགས་སྐད་ཡིག་སྲུང་སྐྱོབ་བྱ་དགོས ” པར་བརྗོད་ཡོད།འདིས་བོད་མི་ཚོས་རང་མི་རིགས་སྐད་ཡིག་གནས་སྟངས་ལ་འདོད་བློ་མ་ཁེངས་པ་དང་སེམས་ཁྲལ་ཡོད་པ་བསྟན། དེ་མིན་སློབ་འབྲིང་བུ་མོ་ཚེ་རིང་སྐྱིད་ཀྱི་ཁ་ཆེམས་ལས་བོད་སྐད་ཡིག་བརྗོད་མེད་ནའང་། ཁོ་མོས “རྒྱའི་སྐད་ཡིག་གཙོ་ཁྲིད་དང་། བོད་སྐད་ཡིག་ཞོར་ཁྲིད ” བྱས་པར་ངོ་རྒོལ་བྱས། འདི་ལྟ་བུའི་སློབ་གསོའི་སྲིད་ཇུས་ལ་བརྟེན་ནས་རང་སྲེག་བྱས་པ་རེད། མོས་རང་སྲེག་བྱས་ནས་ཉིན་ཁ་ཤས་ལས་མ་སོང་བར་བོད་ཁུལ་སློབ་འབྲིང་སློབ་མ་དང་དགེ་འོས་སློབ་མ་སྟོང་ཚོ་མང་པོ་གཞུང་ལམ་དུ་ཐོན་ནས ” མི་རིགས་འདྲ་མཉམ། སྐད་ཡིག་འདྲ་མཉམ། རང་ས་རང་བདག ” སོགས་ཀྱི་སྐད་འབོད་བྱས།ཟླ་བ་བརྒྱད་སོང་རྗེས་སྐལ་བཟང་སྦྱིན་པས་བོད་སྐད་ཡིག་དར་སྤེལ་དགོས་པའི་ཁ་ཆེམས་བཞག་སྟེ་རང་སྲེག་བྱས་པའི་ཉིན་གཉིས་པར་སླར་ཡང་སློབ་ཆུང་ཚུད་པའི་ བོད་ཀྱི་སློབ་མ་སྟོང་ཚོ་མང་པོས་འདུ་འཛོམས་དང་ཁྲོམ་སྐོར་སོགས་བྱས་ནས།མི་རིགས་དང་སྐད་ཡིག་འདྲ་མཉམ་དགོས་པའི་བསམ་འཆར་བཏོན།
3,རང་སྲེག་བྱེད་དོན་གཙོ་བོ་ཡི་ཐང་ཆད་པས་མ་རེད།

གཞན་ཡང་ཆེས་རྒྱུགས་ཆེ་བའི་ལྟ་ཚུལ་ཞིག་ནི ( བཙན་བྱོལ་བོད་མིའི་ཆབ་སྲིད་མགོ་ཁྲིད་ཚོས་ཀྱང་དེ་སྔོན་འདི་ལྟར་བསྒྲགས) དེ་གང་ཞེ་ན། རང་སྲེག་པ་རྣམ་པས་མིག་སྔའི་གནས་བཟོད་དཀའ་ཞིང་ཡ་ང་བའི་གནས་སྟངས་ལ་ཡི་ཐང་ཆད་པའི་རྣམ་འགྱུར་བསྟན་པ་རེད་ཟེར། རྒྱུ་རྐྱེན་འདི་ཏན་ཏན་ཡོད་པ་རེད། རེད་དེ་ཁ་གསལ་ངང་འདི་དོན་བརྗོད་མཁན་གྱི་རང་སྲེག་པ་དེ་འདྲའི་མང་པོ་མིན། དེས་ན། གོང་སྨོས་སྐད་ཆ་རང་སྲེག་བྱ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་འཇོག་མི་ཐུབ།

4,རང་སྲེག་ནི་ངོ་རྒོལ་ཞིག་རེད།

རང་སྲེག་པ་མང་པོའི་ཁ་ཆེམས་ནང་དུ་ཁ་གསལ་ངང་དབང་འཛིན་པར་ངོ་རྒོལ་བྱས་པ་དང་རེ་བ་བཏོན་ཡོད།དེ་མིན་མང་པོ་ཞིག་གིས ” གོང་ས་མཆོག་བོད་ལ་ཕྱིར་ཕེབས་འཇུག་དགོས ” ” བོད་ལ་རང་དབང་དགོས “”པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གློད་བཀྲོལ་གཏོང་དགོས” ཟེར་ནས་ངོ་རྒོལ་དང་རེ་བ་བཏོན་པ་རྐྱང་རེད། བརྒྱ་ལ་ཁོང་ཚོར་ཁ་ཆེམས་དང་སྐད་འབོད་ཅི་གང་མེད་པའི་དབང་དུ་བཏང་ཡང་། རང་སྲེག་བྱས་པ་ཁོ་ནས་ངོ་རྒོལ་དང་ཞུ་འབོད་སོགས་རང་བཞིན་གྱིས་བསྟིམས་ཡོད་པ་བཤད་ག་ལ་དགོས།
5,བོད་རང་བཙན་སྐོར།

ཁ་ཆེམས་དག་ལས་ཁ་གསལ་པོས་བོད་རང་བཙན་གླེང་མཁན་ནམ་ཡང་ན།བརྒྱུད་པའི་སྒོ་ནས་བོད་རང་བཙན་ཡིན་པར་ངོས་བཟུང་བྱ་མཁན་བཅུ་ཁ་ཟིན་ཡོད།  དེས་མ་ཚད། ཁ་ཆེམས་བཞག་མེད་ནའང་རང་སྲེག་སྐབས་བོད་རང་བཙན་སྐད་འབོད་བྱེད་མཁན་དང་། བོད་ཀྱི་རྒྱལ་དར་འཁྱེར་མཁན་མི་བཞི་བསྣན་པས་བོད་རང་བཙན་གྲངས་ཀའི་བསྡུར་ཚད་མཐོ་རུ་འགྲོ་གི་རེད། 2008ནས་བཟུང་།་བོད་ནང་ཁུལ་བོད་མིའི་ཁྲོད་དུ་བོད་རང་བཙན་བསམ་བློ་གཏོང་མཁན་འཕར་སྣོན་དང་རྒྱ་ཁྱབ་རྣམ་པ་མངོན་ཐུབ།

6, མི་རིགས་གོ་བབ་ནན་བརྗོད་དང་།     ནང་ཁུལ་ཆིག་་སྒྲིལ་འབོད་སྐུལ།

རེ་སྨོན་འདི་ཁ་ཆེམས་མང་པོའི་ནང་གླེང་སློང་བྱས་ལ།དེའང 2008མཇུག་ནས་བོད་སར་བརྩམས་པའི་ལྷག་དཀར་ལས་འགུལ་དང་འབྲེལ་ཆགས་པ་སྟེ། གོང་ས་ཏཱ་ལའི་བླ་མ་མཆོག་གི་འཁྲུངས་སྐར་ཉིན ” བོད་སྐད་གཙང་མ་ཤོད་རྒྱུ་དང་།བོད་ཆས་གྱོན་པ།བོད་ཟས་བཟའ་རྒྱུ” སོགས་རེད།དོན་དམ་པས་རང་ས་རུ་འཚེ་མེད་བསྟུན་མེད་སྒོ་ནས་བོད་མིའི་ཐོབ་ཐང་དང་མི་རིགས་སྙིང་སྟོབས་མཐོར་འདེགས་བྱ་ཆེད་རེད།
འོ་ནའང་། ཁ་ཆེམས་ལས་མི་རིགས་ཆིག་སྒྲིལ་འབོད་སྐུལ་བྱས་པའི་དམིགས་གཏད་ནི།   བོད་ནང་ཁུལ་དུ་ལྷག་པའི་ས་ཁུལ་དབྱེ་འབྱེད་དང་། ཆོས་ལུགས་འཐེན་འཁྱེར།རུ་སྡེ་རྩོད་འཛིང་། རྩྭ་ས་རྩོད་གླེང་བཅས་རེད། རེ་བར་བོད་མི་ནང་ཁུལ་དུ་ཆོས་ལུགས་གྲུབ་མཐའ་དང་། ས་ཁུལ། ཚོ་སྡེའི་བསམ་འཁྱེར་གྱི་འཆིང་རྒྱ་བརྟོལ་རྒྱུ་དང་།   ལྷག་པར་དུ་རྩྭ་ས་རྩོད་གླེང་བྱས་ནས་ནང་དམེ་སྤོང་རྒྱུ་བཅས་རེད།

7, བོད་མི་རིགས་བསམ་བློའི་ནུས་སྟོབས་མཚོན་ཤོས་ཀྱི་ངོས་ཕྱོགས།

དཔའ་སྤོབས་དང་འགན་ཁུར་རྣམ་འགྱུར་སྟོན་མཁན་རང་སྲེག་པ་གང་འཚམ་མང་པོ་ཡོད།འདི་ནི་མི་གཞིའི་ནུས་པ་སྟོན་པའི་དཔའ་བོའི་རིང་ལུགས་ཤིག་དང་། ལ་རྒྱ་སྲུང་སྐྱོབ།སྡུག་བསྔལ་དང་ལེན། བློ་སྟོབས་སྐུལ་སྤེལ།རོགས་རམ་ཕྱིར་སྟོན།མྱང་འདས་ལྟར་དུ་རང་ཉིད་འདུལ་བཅོམ་སོགས་རེད། ཚབ་མཚོན་ཁ་ཆེམས་དཔེར་ན ” ཁོང་ཚོས་བསམ་དུས་ང་ཚོ་དྲག་གནོན་ལ་སྐྲག་གི་རེད་དྲན། ཁོང་ཚོས་ནོར་བ་རེད ” ( ཕུན་ཚོགས ) ལ་རྒྱའི་སྙིང་སྟོབས་མ་ཞན་མགོ་བོ་ཁྱོགས།མིང་སྣང་གྲོལ་ང་ཡི་ལ་རྒྱ། ངས་དྲིན་ཅན་བོད་མིའི་དོན་ལ།ངའི་ཚེ་སྲོག་མེ་ལ་བསྐུར་ནས …… (སྣང་གྲོལ) ” བོད་མི་རིགས་ཀྱི་ལ་རྒྱའི་སླད་དུ་རང་སྲེག་བྱས་པ་ཡིན”(བན་ཆེན་སྐྱིད)”ཁམས་གསུམ་སེམས་ཅན་ཐམས་ཅད་དུག་ལྔ་ལས་གྲོལ་ཏེ་བྱང་ཆུབ་ལམ་ལ་འགོད་པར་ཤོག “(རི་ཀྱོ) “རང་གི་ཚེ་དང་སྲོག་གི་མཆོད་པ་འདི་ཕུལ་བ་ཡིན། (རང་ཉིད་ཀྱི་ཤ་རུས་ལ་བརྟེན་ནས་རོགས་རམ་དང་གུས་པ་བྱེད་ཀྱི་ཡོད ) “( བསོ་བྷོ་རིན་པོ་ཆེ) སོགས་ཡོད།རང་སྲེག་བའི་ཁ་ཆེམས་འདི་ཚོས་རིན་ཐང་གཞལ་དུ་མེད་པའི་བོད་མི་རིགས་ཀྱི་བསམ་བློའི་ནུས་སྟོབས་མངོན་ཡོད།

8, ཆོས་ལུགས་ངོ་བོ་ལྡན་པའི་མཆོད་འབུལ་དང་རྒྱ་གུང་ཁྲན་པར་འགོག་རྒོལ།

རང་སྲེག་ལ་བརྟེན་ནས་ཏཱ་ལའི་བླ་མར་གསོལ་འདེབས་བྱེད་པ་ནི་ཨང་གཉིས་པར་སླེབས་ཡོད། དེ་ནི་ཆོས་ལུགས་ཆེད་དུ་ལེགས་སྐྱེས་ཕུལ་བའི་རང་གཤིས་མཚོན་ལ། ནང་པས་དགེ་བའི་ཕྱིར་དུ་ལུས་ཀྱང་འདོར་བའི་ཁྱད་ཡོན་ལྡན།དཔེར་ན་བསོ་བྷོ་རིན་པོ་ཆེའི་ཁ་ཆེམས་ལས། ཚེ་སྲོག་དང་ལུས་པོ་རྒྱལ་བ་རིན་པོ་ཆེ་ལ་མཎྜལ་ཕུལ་བ་དང་ལྷན་དུ་རིགས་དྲུག་སེམས་ཅན་བསྔོ་སྨོན་བྱས་པ་རེད། འདི་ལྟ་བུའི་ཆོས་ལུགས་སྙིང་སྟོབས་བོད་མི་ཕལ་མོ་ཆེར་མངའ་ལ།རང་སྲེག་རྩོམ་པའི་སྒུལ་ཤུགས་ཀྱང་ཡིན་པ་རེད།

དེས་ན།རྒྱ་ནག་སྲིད་གཞུང་ཚང་གིས་བར་མ་ཆད་པར་མཐའ་གཅིག་ཏུ་ཏཱ་ལའི་བླ་མར་ངོ་རྒོལ་སུན་འབྱིན་བྱེད་རྐྱེན་ཡང་ཡིན་པ་རེད།

9,གཙོ་བོ་རྣམ་འགྱུར་ཞིག་བསམས་པ་རེད།

རང་སྲེག་པས་རང་སྲེག་བྱེད་པ་ནི་རྣམ་འགྱུར་རམ་བྱ་སྤྱོད་ཅིག་ལ་བསམས་པ་རེད།་འདི་འདྲ་བསམ་མཁན་ཁ་ཆེམས་རིམ་པ་མཐའ་དག་ལས་བསྡུར་གྲངས་མཐོ་ཤོས་ཟིན། དཔེར་ན། རྒྱ་ནག་ཚོགས་ཆེན་བཅོ་བརྒྱད་སྐབས་རང་སྲེག་ཁ་གྲངས་རྩེ་མོར་བསྙེགས་པ་ལྟར། རང་སྲེག་པས་ཁོང་རྣམ་པའི་བློས་བཏང་གིས་བོད་དོན་ཐག་གཅོད་ཡོང་བར་དམིགས་པ་ལས།ངོ་རྒོལ་རྐྱང་པ་དང་ཡིད་ཐང་ཆད་པ་ཁོ་ན་ཙམ་མ་རེད། སྔ་མའི་ཆར་བཙན་བྱོལ་བོད་མི་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དོན་བསལ་བར་བསྒོམས་པ་ནས།   མཐའ་མར་སད་ཡོང་དུས་རང་ཉིད་ལ་བརྟེན་དགོས་པ་དང་རང་ཉིད་འབའ་ཞིག་ལ་ཁེན་དགོས་པ་རྟོགས།རེད་དེ། རང་སྲེག་རྣམ་འགྱུར་འདིས་བོད་དོན་ཐག་གཅོད་ཐུབ་མིན་ཁོང་ཚོས་ཀྱང་ཅི་ཤེས། འོན་ཏེ་བསྟན་འཛིན་ཕུན་ཚོགས་ཀྱི་ཁ་ཆེམས་ལས ” མུ་མཐུད་སྟོང་སྒུག་བྱས་ནས་སྡོད་ཐབས་མེད ” ཟེར་བའི་མི་སེམས་གཏོར་བྱེད་སྐད་ཆ་འདིས།རང་སྲེག་བྱེད་དོན་རྟོགས་བྱེད་ལྡེ་མིག་ཅིག་རེད། འདིར་བསམ་བློ་གཏིང་ཚུགས་ཤིག་གཏོང་འོས།

ནན་བརྗོད་བྱ་དགོས་པ་ཞིག་ལ། རང་སྲེག་བོད་མིའི་ཁ་ཆེམས་ལས་ཚུར་མངོན་ཐུབ་པ་ནི།འཚེ་བའི་ཤུལ་རྗེས་སྤུ་རྩེ་ཙམ་མེད་པ་དེ་ཡིན། བོད་མིའི་ནང་ཆོས་དད་འདུན་དང་སྐྱབས་མགོན་ཏཱ་ལའི་བླ་མའི་རིང་ནས་འཚེ་མེད་ཞི་བའི་སློབ་སྟོན་འོགམི་རིགས་ཧྲིལ་པོར་བཏང་འཛིན་ནུས་པ་ཚད་བརྒལ་ཞིག་རྙེད་ཡོད། རང་སྲེག་ལས་འགུལ་ལས་མཐོང་ཐུབ་པ་ནི་རང་ཉིད་དོར་རུང་།གཞན་ལ་གནོད་པ་མི་བྱེད་ཅེས་པ་བསྟན་ཡོད། དེའང་བརྗོད་ན། ལྷན་ཅིག་ཏུ་རང་སྲེག་བྱས་པའི་ཆོས་འཕགས་སྐྱབས་དང་བསོད་ནམས་གཉིས་པོས། ལག་ཐོགས་ཁ་པར་དུ་ཁ་ཆེམས་གསོག་ཉར་བྱས་པ་ལས། ” ངེད་གཉིས་པོའི་གནད་དོན་འདིས་མི་སུ་ཞིག་ལའང་དཀའ་ངལ་བཟོ་འདོད་མེད། ” ཅེས་པ་ལས་ཤེས་འོང་།འདི་འདྲ་རེད་དེ་རང་ཉིད་འཚིག་ཤི་ཐེབས་ཀྱང་ཁ་གཏད་ལ་ཡང་འཚེ་བ་མི་བྱེད་པའི་བོད་མི་ཚོར།  རྒྱ་ནག་སྲིད་གཞུང་འདི་པས་ངེས་པར་དྲག་རྡུང་བྱ་འོས་པའི   “འཇིགས་སྐུལ་བ་དང ” ” དྲག་སྤྱོད ” པ་ཅིག་ལ་ངོས་བཟུང་ཡོད།

2014,5

མ་རྩོམ།   http://woeser.middle-way.net/2014/06/blog-post.html

Share this:
༡༡༠ ཀློག་གྲངས།