ྋགོང་ས་མཆོག་གི་དྲུག་བཞིའི་དོན་རྐྱེན་ལ་གསུང་འཕྲིན།

  སྐབས་དེར་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་མང་གཙོའི་ལས་འགུལ་ནང་ཞུགས་མཁན་གྱི་སློབ་ཕྲུག་རྣམ་ནི།གུང་ཁྲན་ཏང་དང་སྤྱི་ཚོགས་རིང་ལུགས་ལ་ངོ་ལོག་བྱེད་མཁན་ཞིག་མ་ཡིན་པར།དེ་ལས་ལྡོག་སྟེ་སློབ་ཕྲུག་རྣམས་ཀྱིས་རྩ་ཁྲིམས་སྲུང་སྐྱོབ་དང༌།མང་གཙོ་དར་སྤེལ།རུལ་སུངས་ལ་ངོ་རྒོལ་བཅས་ཀྱི་འབོད་ཚིག་སྒྲོགས་ཡོད་པ་དེ་ནི་ཏང་དང་སྲིད་གཞུང་གི་གཞི་རྩའི་འདོད་ཕྱོགས་དང་མཐུན་པ་ཡིན་པ་སྐབས་དེའི་རྒྱ་ནག་གི་གཙོ་འཛིན་སྐུ་ཞབས་ཀྲའོ་ཙི་དབྱང་གི་ཞལ་གསུངས་ལོ་རྒྱུས་ནང་གདེང་འཇོག་ཆེན་པོས་མཇུག་སྡོམ་གནང་ཡོད།རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་མི་ལོ་དྲུག་ཅུ་འཁོར་བའི་སྐབས་འདིར།དྲུག་བཞིའི་དོན་རྐྱེན་ལ་བསྐྱར་ཞིབ་བྱ་རྒྱུ་ནི་གོ་སྐབས་བཟང་པོ་ཞིག་ཏུ་མཐོང༌།
  ཕྱི་ལོ་༡༩༨༩ལོ་ནས་བཟུང༌།རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་འགྱུར་བ་ཆེན་པོ་བྱུང་ཡོད་པ་དང༌།དེང་སྐབས་རྒྱ་ནག་གི་དཔལ་འབྱོར་གྱི་སྟོབས་ཤུགས་ལ་བརྟེན་ནས་སྟོབས་ཆེན་རྒྱལ་ཁབ་བྱ་རྒྱུའི་གྲ་སྒྲིག་ཆ་ཚང་བྱས་ཡོད།དེ་ལྟར་ཐོབ་བཞིན་པའི་གྲུབ་འབྲས་ཁག་ཁས་ལེན་དང་ཆབས་ཅིག་རྒྱ་ནག་གི་དབུ་ཁྲིད་རྣམས་ལ་དངོས་ཡོད་འདྲ་མཉམ་གྱི་རྩ་དོན་ཁས་ལེན་དང༌།བསམ་ཚུལ་འདྲ་མིན་ལ་བསམ་ཤེས་བཟོད་བསྲན་བཅས་བྱ་རྒྱུའི་སྙིང་སྟོབས་ཀྱང་ལྡན་དགོས་པའི་རེ་བ་བྱེད་ཀྱི་ཡོད།
  གུ་ཡངས་དང་ཚུལ་ལྡན་གྱི་སྲིད་བྱུས་གསར་པ་ཞིག་བཟུང་ན།རྒྱ་ནག་གི་སྤྱི་ཚོགས་དེ་བཞིན་དངོས་ཡོད་འཆམ་མཐུན་གྱི་ལམ་དུ་འཁྲིད་ཐུབ་རྒྱུ་མ་ཟད།རྒྱལ་སྤྱིའི་ཁྱིམ་ཚང་ཆེན་པོའི་ནང་རྒྱ་ནག་གི་ཆེ་མཐོང་ཡང་མཐོ་རུ་འགྲོ་རྒྱུ་ཡིན་པར་ངས་ངོས་འཛིན་བྱེད་ཀྱི་ཡོད།འགྲོ་ཀུན་བདེ་བའི་སྨོན་འདུན་བཅས།

Share this:
༧༤ ཀློག་གྲངས།