ནང་ཆོས་དང་ཚན་རིག་གི་བགྲོ་གླེང་།

ཟླ་འདིའི་ཚེས་༤ ཉིན་གྱི་ཕྱི་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཚན་རིག་སྡེ་ཚན་གྱི་གོ་སྒྲིག་འོག དབང་པོ་སྒོ་ལྔའི་རྣམ་ཤེས་སམ་རྣམ་པར་ཤེས་པའི་ཐོག་ནང་བསྟན་ཆོས་ལུགས་པའི་ངོས་ནས་འགྲེལ་བཤད་རྒྱག་སྟངས་དང་། ནུབ་ཕྱོགས་པའི་ཚན་རིག་པ་ཚོར་ངོ་སྤྲོད་དང་འབྲེལ་བའི་བགྲོ་གླེང་ཞིག་དགའ་བྱང་སློབ་གྲྭའི་ནང་དུ་འཚོགས་ཡོད་པ་རེད།

news photos from geden 2014དེ་ཡང་ཆེད་དུ་ནང་ཆོས་ཐོག་བགྲོ་གླེང་ངོ་སྤྲོད་གནང་མཁན་དགའ་བྱང་དགེ་བཤེས་ཚེ་རིང་རྡོ་རྗེ་དང་། དགའ་ཤར་དགེ་བཤེས་བློ་བཟང་བཟོད་པ་གཉིས་ཀྱི་གཙོས་ནུབ་ཕྱོགས་པའི་ཚན་རིག་དགེ་རྒན་ཁག་གཅིག་དང་། དགའ་ལྡན་ཤར་བྱང་གཉིས་ཀྱི་དགེ་ལུགས་རྒྱུག་སྤྲོད་པ་ལོ་རིམ་ཐ་མ་སྟེ་ལྷ་རིམ་ལོ་རིམ་དང་པོ་གཉིས་པ་ལ་ཕེབས་བཞིན་ཡོད་པའི་སློབ་གཉེར་བ་ཚོ་ཆེད་དུ་མཉམ་ཞུགས་བྱས་ཡོད་འདུག

དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཚན་རིག་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་བློ་བཟང་དར་རྒྱས་ལ་ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་དང་། དེའི་དགོས་པ་རྒྱུ་མཚན་དང་དམིགས་ཡུལ་གཙོ་བོ་གང་ཡིན་བཅས་ཀྱི་སྐོར་ལ་གསར་འགོད་པས་བཅར་འདྲི་ཞུས་པར། ཁོང་གིས། སྤྱིར་བཏང་དེ་རིང་གི་ཆོས་ཚན་ཟུང་འབྲེལ་གྱི་བགྲོ་གླེང་དེ་ཚན་རིག་དགེ་རྒན་ཚོའི་རེ་འདུན་བཏོན་པ་བཞིན་གོ་སྒྲིག་ཞུས་པ་ཞིག་རེད། ལྷག་པར་ཚན་རིག་བགྲོ་གླེང་འཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་༧གོང་ས་སྐྱབས་མགོན་རིན་པོ་ཆེའི་རླབས་ཆེན་གྱི་དགོངས་གཞི་དང་། ཕུགས་རྒྱང་རིང་པོ་གཟིགས་ནས། སྤྱི་ཡོངས་ཀྱི་འགྲོ་བ་སེམས་ཅན་ཡོངས་བདེ་ཐབས་དང་ལྷག་པར་དུ་བོད་གངས་ཅན་པ་རྣམས་ཀྱི་ཁྱད་ནོར་ཆོས་དང་རིག་གཞུང་མི་ཉམ་གོང་འཕེལ་ཡོང་སླད་དུ། སངས་རྒྱས་ཀྱི་བསྟན་པ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་པ་དང་། གདན་ས་གྲྭ་ཚང་ཁག་ཏུ་ཚན་རིག་ཐོག་སློབ་གཉེར་བྱེད་དགོས་པའི་བཀའ་སློབ་སྔ་ཕྱི་རིམ་པ་གནང་དོན་བཞིན། ༧གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་ཐོག་གདན་ས་གྲྭ་ཚང་ཁག་གི་ནང་ཚན་རིག་སློབ་ཁྲིད་དང་བགྲོ་གླེང་སོགས་འདི་ལྟར་གོ་སྒྲིག་བྱེད་བཞིན་ཡོད་པ་རེད། ལྷག་པར་དུ་ད་ལོ་ནས་བཟུང་གདན་ས་གསུམ་གྲྭ་ཚང་དྲུག་གི་ནང་དུ་ལོ་དྲུག་རིང་ནུབ་ཕྱོགས་པའི་ཚན་རིག་དགེ་རྒན་ཆེད་དུ་གདན་འདྲེན་ཞུས་ནས། ལོ་རེར་ཟླ་བ་གཅིག་རེ་ལ་ཚན་རིག་ཟབ་ཁྲིད་གནང་གཞིན་ཡོད་པ་རེད་ཅེས་སོགས་འགྲེལ་བརྗོད་གནང་སོང་།།

ལྷོ་ཕྱོགས་གསར་འགོད་པས།

Share this:
༣༩༨ ཀློག་གྲངས།