འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་ལས་འགུལ།

ཟླ་འདིའི་ཚེས་༥ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་འཕྲོད་བསྟེན་སྨན་ཁང་གི་གོ་སྒྲིག་འོག འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་ཚོགས་འདུ་ཞིག་མོན་གྷོ་ས་གནས་མི་མང་ཚོགས་ཁང་དུ་འཚོགས་ཡོད་པ་རེད།

news photos about world  environment day  from mundgod 2014ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་དང་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་། གཞན་ཡང་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་གཙོས་སྨན་ཞབས་པ་དང་ལས་བྱེད། སྤྱི་མི་ཕྱག་མཛོད་དང་མོན་གྷོ་ས་གནས་ཀྱི་གཞིས་གྲོང་ཁག་དགུའི་མི་མང་བཅས་མཉམ་ཞུགས་བྱས་ཡོད་པ་རེད།

ཚོགས་ཐོག་ཏུ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་གིས་མི་མང་ལ་ཁོར་ཡུག་སྲུང་སྐྱོབ་བྱེད་ཕྱོགས་དང་འབྲེལ་བའི་གསུང་བཤད་གནང་དོན། ཁོར་ཡུག་བདག་སྲུང་བྱེད་རྒྱུ་དེ་འགྲོ་བ་མིའི་སྤྱི་ཚོགས་ནང་ཧ་ཅང་གལ་ཆེན་པོ་རེད་ལ། ཁོར་ཡུག་གཙང་མ་མེད་ན་འཕྲོད་བསྟེན་ཡག་པོ་ཡོང་གི་མ་རེད། འཕྲོད་བསྟེན་ཡག་པོ་མ་ཡོང་བ་ཡིན་ན་ལུས་སེམས་གཉིས་སུ་བདེ་སྐྱེད་མེད་པ་ཙམ་དུ་མ་ཟད། སྤྱི་སྒེར་གྱི་ལས་དོན་མང་པོ་ཞིག་ཀྱང་ཏན་ཏན་འཐུས་ཤོར་འགྲོ་ཡི་རེད།   དེར་བརྟེན་སོ་སོ་རང་ཉིད་དང་རང་ཉིད་གང་དུ་སྡོད་པའི་ཁོར་ཡུག་ཆུང་ཆུང་དེ་རང་དོན་རང་གཅེས་ཐོག་ནས་གཙང་སྦྲ་བྱེད་དགོས་གལ་ཆེན་པོ་རེད། གལ་སྲིད་ཁོར་ཡུག་གཙང་སྦྲ་མ་བྱས་ན་ཁྱེད་རང་གཅིག་པུ་ཙམ་མིན་པར་ཁོར་ཡུག་དེ་དང་འབྲེལ་བའི་སྐྱེ་བོ་ཡོངས་ལ་གནོད་སྐྱོན་ཐེབས་ཀྱི་ཡོད་པས། ངེས་པར་དུ་ཁོར་ཡུག་གཙང་བཟོ་དང་འཕྲོད་བསྟེན་བདག་སྐྱོང་ཡག་པོ་གནང་རོགས་ཅེས་སོགས་གསུངས་སོང་།

news photos about world  environment day  from mundgod 2014གཞན་ཡང་ས་གནས་འགོ་འཛིན་གྱིས་ས་ཞིང་བོགས་མ་གཏོང་མི་ཆོག་པའི་སྐོར་དེ་སྔོན་ཡིག་ངག་གཉིས་ཐོག་ནས་ལམ་སྟོན་ཐེངས་མང་གནང་ཟིན་པ་ཡིན། དེ་བཞིན་ཆང་རག་བག་མེད་བཏུང་ནས་རྒྱ་གར་ཡུལ་མི་དང་འཆམ་མཐུན་མེད་པ་བཟོ་མཁན་རིགས་ཁག་ཅིག་བྱུང་སོང་། གཞན་ཡང་ཤོ་སྦག་རྒྱན་རྩེད་སོགས་མདོར་ན་སྤྱི་ཚོགས་མི་བདེ་བའི་གཞི་རྩ་ཚང་མ་ངེས་པར་དུ་མཚམས་འཇོག་དགོས།   ད་ནས་བཟུང་ས་ཞིང་བོགས་གཏོང་གི་མཚོན་པའི་གནད་དོན་དེའི་རིགས་གཏན་ནས་བྱེད་མི་ཆོག གལ་སྲིད་སྤྱི་ཚོགས་ལ་གནོད་སྐྱོན་འབྱུང་གཞི་དེའི་རིགས་ཀྱི་ལས་ཀ་ད་དུང་མུ་མཐུད་ནས་བྱེད་མཁན་བྱུང་ཚེ་དེ་ལ་བབ་པའི་ལས་ཀ་ཏན་ཏན་བཟོ་ཡི་ཡིན་སྐོར་ཡང་གསུངས་སོང་།

དེ་ནས་འཕྲོད་བསྟེན་སྨན་ཁང་གི་སྨན་པ་བསྟན་ནོར་བཟང་གིས་མི་མང་ལ་གློག་བརྙན་གཟིགས་འབུལ་དང་སྦྲགས། འཛམ་གླིང་གི་ཁོར་ཡུག་ཉིན་མོ་དང་འབྲེལ་བའི་ངོ་སྤྲོད་གནང་རྗེས། ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་གྱིས་ཁོར་ཡུག་བདག་སྲུང་དང་འབྲེལ་བའི་གཏམ་བཤད་གནང་གྲུབ་པ་དང་། གཞིས་གྲོང་དང་གྲྭ་ཚང་ཁག་གི་ཁོར་ཡུག་གཙང་འཕྲོད་ལེགས་ཤོས་ཁག་ལ་བྱ་དགའ་དང་། ཤིང་ནགས་འདེབས་འཛུགས་སོགས་ཀྱི་ལས་ཀ་ཁོངས་སོ་སོར་སྤྲད་རྗེས་ཉིན་འདིའི་མཛད་སྒོ་ཡོངས་སུ་གྲོལ་ཡོད་པ་རེད།།

ལྷོ་ཕྱོགས་གསར་འགོད་པས།

Share this:
༡༩༠ ཀློག་གྲངས།