གོ་བརྡ་འཕྲོད་དཀའ་བའི་ལམ་དབུ་མ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༩༤ ཕྱི་ལོ་ ༢༠༡༤/༦/༡༡
བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དབུ་མའི་ལམ་ཞེས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་ཕྱི་ལོ་༡༩༧༤ ཙམ་ནས་བཟུང་འགོ་བཙུགས་པ་ཞིག་ཡིན་འདུག་པས་ལོ་འདིར་མི་ལོ་ཧྲིལ་པོ་༤༠ འཁོར་སོང་བ་རེད། དེའི་རིང་དུ་དབུ་མའི་ལམ་གྱི་གོ་དོན་དང། དབུ་མའི་ལམ་གྱི་འགྲེལ་བཤད། དབུ་མའི་ལམ་གྱི་དགོས་མཁོ་སོགས་མི་འདྲ་བ་དང་རིང་ཐུང་སྣ་ཚོགས་ཤིག་བྱུང་ཡོད་པ་དང། བཀའ་ཤག་སྐབས་བཅུ་གཉིས་དང་བཅུ་གསུམ་པའི་སྐབས་ཀྱི་དུས་ཡུན་ལོ་༡༠ རིང་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བར་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་གནང་བ་རེད། འོན་ཀྱང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཐོག་མ་ང་ཚོའི་དབུ་མའི་ལམ་དེ་ད་ལྟ་ཧོང་ཀོང་གི་གནས་བབས་ལས་བརྒྱ་ཆ་༢༠ ཙམ་གྱི་ཚད་མཐོ་བ་ཞིག་རྩོད་ཀྱི་ཡོད་ཅེས་ཁ་གསལ་པོའི་ཐོག་ནས་གསུངས་ཡོད་པ་དང། རིམ་པས་རྒྱ་གཞུང་གི་རྒྱུན་འཁྱོངས་གསུམ་དེ་ཁས་ལེན་དང། མ་འོངས་པར་བོད་དུ་མང་གཙོའི་ལམ་ལུགས་མི་དགོས་པ་སོགས་མངོན་གསལ་གྱི་ཐོག་ནས་འགྱུར་བ་ཆེན་པོ་སོང་བ་རེད།

འགྱུར་བ་དེ་དག་རྒྱ་ནག་གཞུང་དང་མཉམ་དུ་དངོས་སུ་འབྲེལ་མོལ་བྱས་པའི་བརྒྱུད་རིམ་ནང་དགོས་མཁོ་དང་ཁོར་ཡུག་སོགས་ཀྱི་ཐོག་ནས་སོང་བ་ཞིག་ཡིན་ངེས་ཀྱང། འགྲེལ་བཤད་དེ་དག་ལ་བརྟེན་ནས་སྤྱི་ཚོགས་ནང་དབུ་མའི་ལམ་གྱི་གོ་དོན་གསལ་པོ་ཤེས་རྟོགས་ཐུབ་མིན་གྱི་ཐོག་ལ་དཀའ་ངལ་མང་པོ་ཞིག་འཕྲད་པ་དེ་ཡང་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད་པ་རེད། དཔེར་ན་མི་མང་པོ་ཞིག་གིས་ཞི་བའི་གྲོས་འཆར་དོན་ཚན་ལྔ་དང། སི་ཊ་སི་སྦག་གི་གསུང་བཤད་གཉིས་ཀྱང་དབུ་མའི་ལམ་གྱི་ལངས་ཕྱོགས་ཀྱི་གཞི་འཛིན་ས་ཡོད་ན་མེད་ན་ཞིག་ཡིན་པར་ངོས་འཛིན་བྱེད་མཁན་ཡོད་ལ། གཞུང་འབྲེལ་གྱི་དབུ་མའི་ལམ་གྱི་ཁྱབ་བསྒྲགས་ནང་དེ་དག་ཚང་མ་བཀོད་ཡོད། སྐབས་རེ་ཞི་བའི་གྲོས་འཆར་དོན་ཚན་ལྔ་དེ་ཕུགས་ཀྱི་འཆར་སྣང་དང། སི་ཊ་སི་སྦག་གི་གསུང་བཤད་ནུས་མེད་ཕྱིན་ཟིན་པའི་འགྲེལ་བཤད་ཡོངས་ཁྱབ་ཏུ་གནང་བར་བརྟེན། མགོ་མཇུག་བར་གསུམ་གྱི་འགྲོ་སྟངས་ཆ་ཚང་ཤེས་མཁན་ཞིག་ཡིན་ན་མ་གཏོགས་གཞན་འགྱུར་བ་དེ་དག་མི་མང་དཀྱུས་མ་ཞིག་གིས་ཤེས་རྟོགས་ཐུབ་པ་ཞིག་མ་རེད།

བཀའ་ཤག་སྐབས་བཅུ་བཞི་པ་སླེབས་ནས་བཟུང་དབུ་མའི་ལམ་ལ་འགྱུར་བ་མེད་པ་དང། དབུ་མའི་ལམ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པ། དབུ་མའི་ལམ་གྱི་གོ་རྟོགས་སྤེལ་ཐབས་ཀྱི་ལས་རིམ་མང་པོ་ཞིག་ཀྱང་བང་བསྒྲིགས་ནས་ལག་བསྟར་བྱས་པ་རེད། ཉེ་བའི་ཆར་སྲིད་སྐྱོང་གིས་ད་དུང་དབུ་མའི་ལམ་གྱི་གོ་དོན་མི་རྟོགས་མཁན་རྒྱལ་སྤྱིའི་ནང་དུ་མང་པོ་ཡོད་པ་དང་བོད་པའི་ནང་དུ་མང་པོ་ཡོད་ཚུལ་ཡང་གསུངས་འདུག དོན་དངོས་ཐོག་ནས་ཀྱང་དེ་ལྟར་དུ་གྱུར་ཡོད་སྲིད་པ་མ་ཟད། ད་དུང་གོ་དོན་རྙིང་པ་དེ་དག་ལ་འཐམས་ནས་བསྡད་ཡོད་པའི་མི་མང་པོ་ཞིག་ཀྱང་ཡོད་ངེས་རེད། མ་འོངས་པར་མི་མང་དཀྱུས་མའི་ནང་དབུ་མའི་ལམ་འགྲེལ་བཤད་རྒྱག་སྐབས་མི་རིགས་ས་གནས་རང་སྐྱོང་གི་སྐོར་དེ་ཁོ་ན་ལས། འཕེལ་རིམ་སོགས་རྒྱས་བཤད་རིགས་ཀྱིས་ཕན་མི་ཐོགས་པ་དང། མགོ་རྙོག་ཏུ་འགྲོ་བ་ཞིག་ཏུ་གྱུར་ཡོད། དབུ་མའི་ལམ་ཞེས་པའི་ཐ་སྙད་དེ་དག་ཁ་ཏོན་བྱེད་མཁན་དག་གིས་ཀྱང་མི་རིགས་ས་གནས་རང་སྐྱོང་དགོས་པའི་བསམ་འཆར་ཡིག་ཆའི་ནང་དོན་ཤེས་རྟོགས་མེད་མཁན་མང་པོ་ཡོད་པ་གསལ་པོ་རེད།

ད་ལན་བཀའ་ཤག་གིས་དྲ་རྒྱ་གསར་པ་བཟོས་ཀྱང་འགྲེལ་བཤད་དེ་མཁས་བླུན་སུས་བལྟས་ཀྱང་གོ་བདེ་པོ་ཞིག་དགོས་པ་གལ་ཆེན་པོར་གྱུར་ཡོད། བོད་མི་ཕལ་ཆེ་བའི་བསམ་བློའི་ནང་༧གོང་ས་མཆོག་གི་ལམ་སྟོན་དང་དགོངས་གཞི་ཡིན་པ་དེ་རྩ་ཆེན་པོར་འཛིན་བཞིན་ཡོད་པས་སླད་ཀྱི་ཆར་ཡང་དཀའ་ངལ་ཆེན་པོ་འཕྲད་མི་སྲིད་པ་དང། གྲོས་ཚོགས་ནང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཐག་གཅོད་བྱས་པའི་གནད་དོན་ཞིག་དང། ༧གོང་ས་མཆོག་གི་བཀའ་དགོངས་གཉིས་མི་མཐུན་པ་ཆགས་པ་ཡིན་ན། བཀའ་ཤག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་དེ་བརྩི་ཐུབ་ཀྱི་མ་རེད་ཅེས་གསུངས་པ་དེ་དོན་ལ་གནས་པའི་བཀའ་མོལ་ཞིག་རེད། དེར་བརྟེན་མ་འོངས་པར་དབུ་མའི་ལམ་གྱི་མིང་ཐོག་ནས་ལས་འགུལ་སྤེལ་བའམ། རྒྱལ་སྤྱི་དང་བོད་མི་ནང་ཁུལ་དུ་གོ་རྟོགས་སྤེལ་བ་གང་ཡིན་ཡང་མཁས་གཏམ་དང་ཆེ་གཏམ། འུད་བརྗོད་སོགས་ཀྱིས་མ་བསླད་པར་དོན་དངོས་དེ་མི་མང་ལ་གསལ་བཤད་གནང་ཐུབ་ན་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་པར་ཕན་ཐོགས་ཆེན་པོ་ཡོང་སྲིད་པ་ཞིག་རེད་ལ། གནད་འགག་གཙོ་བོ་རྒྱལ་སྤྱི་དང་བོད་པ་ནང་ཁུལ་གོ་རྟོགས་དགོས་པ་དེ་མ་ཡིན་པར་རྒྱ་ནག་གཞུང་ལ་དབུ་མའི་ལམ་གྱི་གོ་རྟོགས་སླེབས་དགོས་པ་དེ་རེད།།

Share this:
༡༥༢ ཀློག་གྲངས།