གནས་མདོ་བཀྲ་ཤིས་ཆོས་གླིང་གི་སྒོ་འབྱེད།

    ཉིན་དེར་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་དང། སྐྱབས་རྗེ་ཀརྨ་ཆགས་མེད་རིན་པོ་ཆེ་རྣམ་གཉིས་ཀྱིས་འདུ་ཁང་གི་སྒོ་འབྱེད་གནང་བ་དང། རིམ་པས་སྐུ་མགྲོན་གཙོ་བོ་མཆོག་ནས་བཀའ་སློབ་གསུང་བཤད་གནང་དོན། ཁོ་མོས་ཆབ་སྲིད་ཀྱི་འགན་བླངས་ནས་དགོན་པར་སླེབས་པ་ཐེངས་དང་པོ་ཡིན། རྟེན་འབྲེལ་ཡག་པོ་ཞེ་དྲག་བྱུང་སོང༌། བལ་ཡུལ་གྱི་གཞུང་གསར་པ་བཙུགས་རྗེས་ལུང་པ་ཞི་བདེ་ཡོང་བའི་ཐུགས་སྨོན་གནང་རོགས། ངའི་པ་ལགས་བལ་ཡུལ་གྱི་བློན་ཆེན་ཟུར་པས་གྲོས་ཚོགས་ཀྱི་གཏམ་བཤད་ཞིག་གི་ནང་དུ་ཆོས་རྒྱལ་མྱ་ངན་མེད་ཐོག་པར་དྲག་པོའི་གཡུལ་སར་ཞུགས་ནས་མི་མང་པོ་བསད་པ་དང། རྗེས་སུ་ནང་པའི་ཆོས་སྒོར་ཞུགས་ནས་ལུང་པ་ཞི་བདེ་ཡོང་བ་རེད། དེ་བཞིན་བལ་ཡུལ་གྱི་དབུ་ཁྲིད་ཚོས་ཀྱང་ནང་པའི་ཆོས་བཞིན་བྱས་ནས་ཆབ་སྲིད་ཀྱི་རྙོག་འཛིང་མེད་པ་བཟོས་ཏེ་ལུང་པར་ཞི་བདེ་ཡོང་ཐབས་གནང་དགོས་སྐོར་གསུངས་པ་བཞིན་ནང་པའི་ཆོས་ཀྱིས་རྒྱལ་ཁབ་ལ་ཞི་བདེ་བསྐྲུན་ཐུབ་ཚུལ་སོགས་ཀྱི་བཀའ་སློབ་གནང་སོང།
    དེ་བཞིན་བོད་གཞུང་ཆོས་རིག་ལྷན་ཁང་དང་སྐུ་སྒེར་ཡིག་ཚང་གི་སྐུ་ཚབ་གཅིག་ལྕོགས་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་སྐུ་ངོ་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་༧གོང་ས་མཆོག་གིས་མཛད་སྒོ་དེར་བསྩལ་བའི་གསུང་འཕྲིན་དང་ཆོས་རིག་ལྷན་ཁང་གི་གསུང་བཤད་སྒྲོགས་སྦྱང་གནང་བ་དང། དཔལ་རྒྱལ་བ་ཀརྨ་པ་མཆོག་གི་སྐུ་ཚབ་ཀྱིས་རྒྱལ་བ་ཀརྨ་པའི་གསུང་འཕྲིན་སྒྲོགས་སྦྱང་གནང་ཡོད་པ་རེད། དེ་ནས་རིམ་པས་མཁན་པོ་ལས་བྱེད་རྣམས་ཀྱི་གདན་རབས་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་བོད་དབྱིན་བལ་གསུམ་གྱི་སྐད་ཡིག་ཐོག་གནང་བ་བ་དང། ཀརྨ་ཆགས་མེད་རིན་པོ་ཆེ་མཆོག་གི་སྐུ་མགྲོན་གཙོ་བོ་རྣམས་ལ་ལག་རྟགས་གསོལ་རས་གནང་གྲུབ་རྗེས། ཆོས་ཕྱོགས་ཀྱི་དབུ་འབྱེད་མཛད་སྒོའི་ཆོ་ག་དབུ་འཛུགས་གནང་ཡོད་པ་རེད། དགོན་པའི་རྟེན་དང་བརྟེན་པ་དང་བཅས་ལེགས་གྲུབ་ཐོག་འདུ་ཁང་དབུས་སུ་མགོན་པོ་འོད་དཔག་མེད་ཀྱི་སྐུ་བརྙན་ཐོག་ཚད་མ་ཞིག་བཞེངས་ཡོད་པ་དང། དགེ་འདུན་པའི་བཞུགས་ཤག་དང་ལས་བྱེད་ཀྱི་ལས་ཤག མགྲོན་ཁང་བཅས་ཆ་ཚང་བ་ལེགས་གྲུབ་བྱུང་ཡོད་པ་མ་ཟད། དགེ་འདུན་པ་གྲངས་ཉིས་བརྒྱ་ལྷག་གིས་དགོན་པ་དེར་སློབ་གཉེར་གནང་མུས་སུ་ཡོད་པ་རེད།།

Share this:
༩༢ ཀློག་གྲངས།