amdopanda@yahoo.com

འོན་ཀྱང་ཨ་ཕ་ལ་སྒོར་མོ་མང་པོ་ཡོད་མེད་མི་ཤེས་ཉོ་ཐུབ་མིན་ད་དུང་མི་ཤེས། གལ་སྲིད་ཁྱེད་གཉིས་ལ་ལྷམ་ཉོ་མ་ཐུབ་ན་ཡང་གོན་པ་གཅིག་ཉོས་ཡོད་རྒྱུ་རེད་བསམ་གྱི་འདུག   ཉིན་གྲངས་མང་པོ་ཞིག་མ་འགོར་བར་ཁོང་ཚོ་ཚང་མ་ལྷ་ས་ནས་གནས་བསྐོར་བྱས་ཏེ་ནང་ལ་འབྱོར་བྱུང་། ངའི་རེ་བ་ཡིན་ན་ཡང་ལྷམ་དྲོན་པོ་ཞིག་ཡོད་ན་ཨ་མ་མཉམ་དུ་ཕྱུགས་ལས་བྱེད་སར་འགྲོ་དགོས་རུང་འགྲོ་ཆོག་ཆོག་གཅིག་རེད་བསམ་ཡོད། མ་བསམ་ས་ནས་ངའི་ཨ་ཕས་ལྷམ་མ་ཉོས་པར་ཤིང་གིས་བཟོས་པའི་མེ་མདའ་ཐུང་ཐུང་གཅིག་ཉོས་ཡོད་པ་དང་། སྲིང་མོ་ལ་ཅི་ཡང་ཉོས་མི་འདུག འོན་ཀྱང་སྲིང་མོས་འཁང་ར་ཅི་ཡང་མི་བྱེད་པར་ཉམས་ཆུང་ངང་ནས་ངའི་སར་ཡོང་ནས་མེ་མདའ་དེ་ངས་གཉིས་ནས་བརྩེ་ཆས་བྱས་ཡིན། ཨ་མས་སྲིང་མོ་དང་ངའི་གཉིས་ལ་དགུན་ཁ་འདིར་ལྷམ་དྲོན་པོ་གཅིག་ཀྱང་མེད་པར་ཕྱུགས་ལས་བྱེད་སར་འགྲོ་བ་ལ་ནང་སྔ་མོ་དང་དགོང་ཕྱི་དྲོད་བྱིས་པ་འདི་གཉིས་ལ་སྙིང་རྗེ་བ་ཞིག་ཡིན་པ་དང་ཁྱེད་ཀྱིས་འདིས་གཉིས་ལ་ལྷམ་མི་ཉོ་བར་བརྩེ་ཆས་ཉོས་ཏེ་གང་བྱེད་ཅེས་འཁང་ར་བྱས་མྱོང་ཡོད། ཨ་ཕས་བཤད་རྒྱུར་ད་ཐེངས་ང་ཚོར་སྒོར་མོ་མང་པོ་མེད་པར་ཅ་ལག་ཡག་པོ་གཅིག་ཀྱང་ཉོ་ཐུབ་མ་སོང་། འོན་ཀྱང་བྱིས་པ་གཉིས་ལ་ལུང་དཀར་གྲོང་ཚོ་ནས་ལྷམ་མཁན་ལག་ནས་བོད་ལྷམ་གཉིས་བོག་ལ་བཞག་ནས་ཉོ་ཆོག་སེམས་འཁུར་མ་བྱེད་ཟེར།  ༼ལུང་དཀར་གྲོང་ཚོ་ནི་བདག་གི་ཕ་ཡུལ་ནས་སྤྱི་ལེ་ ༣ ཡོད་པ་དང་། གྲོང་ཚོ་འདིར་འཇིག་རྟེན་རྙིང་པ་ནས་ལྷམ་མཁན་མང་པོ་ཡོད་པའི་སྡེ་བ་ཞིག་ཡིན། ཁོང་ཚོས་གྲྭ་བའི་ལྷམ་ནག་ཐུར་མ་ཞེས་པ་དང་ཕོ་མོའི་བོད་ལྷམ་སོགས་སྤུས་དག་པོ་དེ་འདྲ་འདེབས་པའི་ལག་རྩལ་ཅན་གྱི་མནའ་བོའི་གྲོང་སྡེ་གཅིག་ཡིན། རྗེས་ནས་ལོ་དེའི་བོད་ཀྱི་ལོ་གསར་ལ་ཉེ་བའི་སྐབས་དེར་ཨ་ཕས་ང་གཉིས་ལ་བོད་ལྷམ་རེ་རེར་ཉོས་སོང་། ང་ཚོའི་བོད་ལྷམ་དེ་ལ་དམིགས་བསལ་ཞིག་ཡོད་པ་ནི། ལྷམ་ཐུལ་ཀོ་རྐྱང་ཡིན་པས་ན། ལྷམ་ཚང་མེད་ན་ལྷམ་དེ་གོན་ཐབས་མེད། སྐབས་དེར་ལྷམ་ཚང་དམིགས་བསལ་ཅི་ཡང་འཇོག་སྲོལ་མེད་པ་དང་། རྒན་གཞོན་ཚང་མས་ནས་རྩྭ་སྐམ་པོ་ལག་པས་ཕུལ་ཕུལ་འགའ་བྱས་ཏེ་ལྷམ་ནང་དུང་བཞག་ནས་གོན་དགོས་པ་དང་། ནས་རྩྭ་སྐམ་པོ་དེ་ཉི་མ་གཉིས་མ་གཏོགས་བེད་སྤྱོད་མེད་པ་དང་དེ་ནས་ཡང་བསྐྱར་བརྗེ་བོ་རྒྱག་དགོས་པ་རེད། ང་རང་ལ་ཆ་བཞག་ན་བོད་ལྷམ་དེ་གོན་དེིའི་སུ་ལྷམ་གྱི་ཡུ་བ་རིང་བ་དང་རྐང་བའི་པུས་མོའི་འོག་ནས་ལྷམ་སྒྲོག་གིས་དམ་པོར་བཅིངས་དགོས་པ་དང་།  ལྷམ་སྒྲོག་དམ་པོར་བསྡམ་ན་པུས་མོ་དང་སྒྱིད་ཁུག་ན་བ་མ་ཟད་མཚམས་རེར་ལྷམ་སྒྲོག་བསྡམ་ཤུལ་ལ་རྨ་ཡང་བཟོས་མྱོང་ཡོད།

Share this:
༡༠༡ ཀློག་གྲངས།