འོས་བསྡུ་སྔ་འདོན་བྱས་ན་ཞེས་བཀའ་མོལ་ཞིག་བྱུང་བ་རེད།

    ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཅར་འདྲི་ཞུས་པར། རིན་པོ་ཆེས་གསུང་དོན། “གནས་ཚུལ་དེ་གསར་འགོད་བརྒྱུད་ལམ་ཁག་ལ་ཐོན་པ་དེ་གང་བྱུང་བ་ནང་བཞིན་ཏག་ཏག་ཅིག་མ་རེད། ད་ལོའི་ལོ་གསར་སྐབས་དེ་ལ་བཀའ་བློན་ཁྲི་པ་རྗེས་མའི་འོས་བསྡུ་དེ་དུས་ཚོད་ལྟར་བྱས་ན། ༢༠༡༡ ལོར་རེད། ཡིན་ནའང་དེ་བར་དུ་སྒུག་མི་དགོས་པར། ༢༠༠༩ ལོར་འོས་བསྡུ་བྱས་ན་ཞེས་བཀའ་མོལ་ཞིག་བྱུང་བ་རེད། དེ་ྋསྐྱབས་མགོན་རིན་པོ་ཆེ་ལ་སྙན་སེང་ཞུས། ང་ཚོ་གོ་བསྡུར་གནང་དགོས་རིགས་ཚང་མ་གོ་བསྡུར་བྱས་ནས། ཅིག་བྱས་ན་དེ་ཡག་པོ་མེད་འགྲོ། ད་ལྟའི་བཀའ་བློན་ཁྲི་པས་ལོ་བརྒྱད་ལ་ལས་ཀ་བྱས་ཚར་བ་རེད། ལོ་གཉིས་ཀྱི་རིང་ལ་ཡང་བསྐྱར་བསྡད་ན། གནས་ཚུལ་གསར་པ་མང་པོ་གསར་གཏོད་བྱེད་ཐུབ་པ་ནི་ཡོད་པ་མ་རེད། གཟུགས་པོའི་གནས་སྟངས་སྔོན་མ་བཞིན་ཐང་པོ་ཡོད་པ་མ་རེད། དེར་བརྟེན། བཀའ་བློན་ཁྲི་པ་གསར་པ་ཞིག་འོས་བསྡུ་བྱས་ན་ཡག་པོ་མེད་འགྲོ་ཟེར་ནས་བཀའ་མོལ་བྱུང་བ་རེད། དེ་ཕྱི་ཟླ་༣ དང་༤ པའི་ནང་གི་བཀའ་མོལ་རེད། དེ་ཐག་མ་ཆོད་ནས་ཏོག་ཙམ་ལུས་པ་རེད། ཉེ་ཆར་ཕྱི་ཟླ་༥ པའི་ཚེས་༡༡ ། ༡༢ ལ་ྋསྐྱབས་རིན་པོ་ཆེས་ཐག་གཅོད་གནང་བ་རེད། ད་ལྟ་འོས་བསྡུ་སྔ་འདོན་བྱེད་པ་དེ་ཡག་ཤོས་མིན་པ་འདྲ། སྟབས་བདེ་ཡོང་ས་མ་རེད། ལྷག་པར་དུ་བོད་ནང་དུ་ཡོད་པའི་བོད་མི་ཚོ་དང། ང་ཚོའི་ཁ་གཏད་ཀྱི་ཕྱོགས་ནས་འགྲེལ་བརྗོད་སྣ་ཚོགས་བྱེད་སྲིད་པ་རེད། བཀའ་བློན་ཁྲི་པའི་འོས་བསྡུ་འཆར་ཅན་ནང་བཞིན་༢༠༡༡ ལོ་བར་དུ་བསྒུགས་ན་ཞེས་ཐག་ཆོད་བྱུང་བ་རེད་”ཅེས་འགྲེལ་བརྗོད་གནང་འདུག
    གསར་འགྱུར་བརྒྱུད་ལམ་དུ་བཀའ་བློན་ནང་ཁུལ་དུ་གསར་གཏོད་ལ་དགོངས་པ་མ་མཐུན་པ་ཡོང་ནས་དགོངས་ཤོག་ཕུལ་བ་ཡིན་སྐོར་བྲིས་འདུག དེའི་སྐོར་ག་འདྲ་རེད་ཅེས་བཀའ་འདྲི་ཞུས་པར། རིན་པོ་ཆེ་མཆོག་གིས་གསུང་དོན། “ང་ཚོས་གང་བཤད་པ་དེ་ཇི་མ་ཇི་བཞིན་སླེབས་པ་ཁག་པོ་འདུག བཀའ་བློན་ཁྲི་པའི་འོས་བསྡུ་སྔ་འདོན་བྱེད་པ་དེ་བཀའ་ཤག་ནང་ལ་དགོངས་ཚུལ་མ་མཐུན་ནས་བྱས་པ་ཡིན་པའི་བཀའ་མོལ་ཞིག་རྩ་བ་ནས་ཡོད་པ་མ་རེད།  ལར་ནས་བཀའ་ཤག་ནང་དགོངས་པ་མ་མཐུན་པ་ཞིག་ཡོང་གི་ཡོད་པ་མ་རེད། ལས་དོན་ག་རེ་ཡིན་ནའང་སྤྱི་མོས་དང་མང་མོས་ཀྱི་ཐོག་ནས་ནམ་རྒྱུན་འགྲོ་ཡི་ཡོད་པ་རེད། ཁོང་ཚོས་སྐད་ཆ་ག་རེ་དྲིས་པ་རེད་ཟེར་ན། འོས་བསྡུ་སྔ་འདོན་བྱེད་པ་དེ་བཀའ་ཤག་ནང་སྤྱི་མོས་བྱུང་བ་རེད་དམ་ཞེས་པ་དྲིས་པ་རེད། འོས་བསྡུ་སྔ་འདོན་བྱེད་པ་ལ་བཀའ་ཤག་ནང་སྤྱི་མོས་བྱུང་ཡོད་པ་མ་རེད། ཁ་ཤས་ཀྱིས་འོས་བསྡུ་སྔ་འདོན་བྱས་ན་ཡག་པོ་ཡོད་པ་རེད། ཁ་ཤས་ཀྱིས་འོས་བསྡུ་སྔ་འདོན་མ་བྱས་ཡག་པོ་ཡོད་པ་རེད་ཅེས་དེའི་ཐོག་བཀའ་བློན་རྣམ་པ་ཚོའི་ནང་དགོངས་ཚུལ་མ་མཐུན་པ་ཡོང་བ་རེད་མ་གཏོགས། བཀའ་བློན་ནང་དགོངས་ཚུལ་མ་མཐུན་པ་ཡོང་ནས་འོས་བསྡུ་སྔ་འདོན་བྱེད་ཀྱི་ཡིན་ཞེས་སྐད་ཆ་དེ་སླེབས་པ་མ་རེད། འོས་བསྡུ་སྔ་འདོན་བྱེད་དགོས་པའི་རྒྱུ་མཚན། མི་གསར་པ་ཞིག་སླེབས་ན་ལས་དོན་གསར་གཏོད་བྱེད་རྒྱུ་ལ་ཕན་ཐོགས་ཡོང་གི་རཻད། ང་ཚོས་ལོ་བརྒྱད་ལ་ལས་ཀ་བྱས་ཚར་པ་རེད། ད་ལྟ་ཧ་ཅང་གསར་གཏོད་ཡོང་རྒྱུའི་རེ་བ་ཞིག་ཡོད་པ་མ་རེད། མི་གསར་པ་དེ་ཡང་ན་གཞོན་ཞིག་སླེབས་ན། ང་ཚོས་སྔོན་མ་ནས་རེ་བ་བརྒྱབ་བསྡད་ཡོད་པ་རེད། འོས་བསྡུ་སྔ་འདོན་བྱེད་རྒྱུའི་རྒྱུ་མཚན་དེ་རཻད།
    དགོངས་པ་ཞུ་རྒྱུ་ཟེར་བ་འོས་བསྡུ་སྔ་འདོན་བྱས་ཚར་ནས་དགོངས་པ་ཞུ་རྒྱུ་རེད། ད་ལྟ་ང་ཚོའི་དྲི་བ་དེ་འོས་བསྡུ་སྔ་འདོན་བྱེད་དང་མི་བྱེད་ཀྱི་སྐད་ཆ་རེད་”ཅེས་བཀའ་བློན་ཁྲི་པས་གསུངས་ཡོད་པ་རེད།།

Share this:
༡༡༠ ཀློག་གྲངས།