རྩེད་མོའི་རིགས་འདྲ་མིན་བྱེད་རྒྱུ་ཡོད་པ་ཞིག་རེད།

དེའི་འོག་ལ་རྒྱུན་ལས་ཡོད་པ་རེད། ལས་ཀ་གཙོ་བོ་རྐང་རྩེད་སྤོ་ལོའི་རུ་ཁག་འདེམས་སྒྲུག་བྱེད་རྒྱུ་དང༌། གཉིས་པ་དེ་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་གོ་སྒྲིག་བྱེད་རྒྱུ་དེ་རེད། ང་ཚོས་འཆར་གཞི་བཏིང་ནས་གྲུབ་འབྲས་མ་ཐོན་པ་ཞིག་ལ་སློབ་གྲྭ་ཁག་ནང་དུ་རྐང་རྩེད་སྤོ་ལོའི་རུ་ཁག་འཛུགས་རྒྱུ་ལ་མཐུན་རྐྱེན་དེ་ཙམ་རག་གི་མི་འདུག ད་ལོའི་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་རྗེས་སུ་སློབ་གྲྭ་སོ་སོའི་ནང་དུ་རྐང་རྩེད་སྤོ་ལོའི་རུ་ཁག་འཛུགས་རྒྱུར་ཤུགས་རྒྱག་རྒྱུའི་འཆར་གཞི་ཡོད།
དྲི་བ། རྩེད་འགྲན་སྐབས་འགྲོ་སོང་གཏོང་སྟངས་ག་འདྲ་རེད།
ལན། འགྲོ་སོང་དེ་༢༠༠༧ ལོར་སྐུ་སྒེར་ཡིག་ཚང་ནས་ཧིན་སྒོར་འབུམ་གཉིས་དང༌། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་མ་རྩའི་ཆེད་དུ་འབུམ་བཅུ་གསོལ་རས་གནང་བ་རེད། དེའི་སྔོན་ལ་ཌན་མག་གིས་གྱོན་གོས་བཟོ་མཁན་གྱི་ཚོགས་པ་ཞིག་དང་ང་ཚོའི་དབར་གན་རྒྱ་བཞག་ནས་ཁོང་ཚོས་ང་ཚོའི་བོད་པའི་མིང་ཡོད་པའི་གྱོན་ཆས་བཟོས་པའི་ཁེ་བཟང་གི་བརྒྱ་ཆ་བརྒྱད་སྤྲོད་ཀྱི་ཡོད་པ་དེ་ལོ་གཅིག་གི་ནང་དུ་འབུམ་གསུམ་བཞི་ཙམ་ཡོང་གི་ཡོད་རེད། ད་ལྟ་རྩེད་འགྲན་སྐབས་འཛིན་བྱང་བཙོང་རྒྱུ་དེ་རེད། དེ་ལ་དཀའ་ངལ་ཆེན་པོ་འདུག ལྟད་མོ་བའི་ཁྲོད་ཕལ་ཆེར་ཕྱེད་ཀ་ཙམ་འཛིན་བྱང་མི་ཉོ་མཁན་རེད། དྷ་སར་ཡོད་པའི་སྤོ་ལོའི་རུ་ཁག་མ་གཏོགས། གཞན་དག་ཚང་མ་ལ་འདིར་སྡོད་རིང་ཟས་གྲོན་ཆ་ཚང་གཏོང་གི་ཡོད་རེད། ཕྱི་ལོག་ཏུ་སྡོད་མཁན་ཡོད་ན་ཁང་གླ་ང་ཚོས་སྤྲོད་ཀྱི་ཡོད་རེད། ལམ་གྲོན་ཆ་ཚང་སྤྲོད་ཐུབ་ཀྱི་ཡོད་མ་རེད་མོད། ས་གནས་ལ་དཔག་པའི་བརྒྱ་ཆར་ཕབ་ནས་སྤྲོད་ཀྱི་ཡོད་རེད། དེ་ནས་ཤན་འབྱེད་(referee)པ་ཚོ་ལ་ཁྲི་ལྔ་ཙམ་སྤྲོད་དགོས་ཀྱི་ཡོད་རེད། བྱ་དགའ་ཐོབ་མཁན་རྣམས་ལ་དངུལ་རྐྱང་གི་གསོལ་རས་ད་ལོ་ཡར་སྤར་ནས་ཨང་དང་པོ་ལ་༢༥༠༠༠ དང་ཨང་གཉིས་པ་ལ་༡༥༠༠༠ སྤྲོད་ཀྱི་ཡོད་རེད། ཁྱོན་བསྡོམས་འགྲོ་སོང་འབུམ་ལྔ་མ་ཟིན་ཙམ་འགྲོ་ཡི་འདུག འཛིན་བྱང་བཙོང་ནས་འབུམ་གཉིས་ཙམ་རག་གི་ཡོད་རེད། དེ་མིན་ལྷག་མ་རྣམས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གཏོང་གི་ཡོད་པ་རེད།
དྲི་བ། ཤན་འབྱེད་པ་ཚང་མ་རྒྱ་གར་འཇོག་དགོས་པའི་རྒྱུ་མཚན་ག་རེ་ཡིན།
ལན། མ་གཞི་བྱས་ན་ཤན་འབྱེད་པ་བོད་པ་རང་ལ་གོ་སྐབས་སྤྲོད་དགོས་པ་ལྟ་བུ་རེད་དེ། དེ་ལ་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་རེད། ༢༠༠༧ དང། ༢༠༠༨ ལོར་རྒྱ་གར་བ་ཡོང་ནས་ཡག་པོ་བྱུང་བ་རེད། ད་ལོ་ཚང་མ་རྒྱ་གར་བ་རེད།
དྲི་བ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་ཞིག་ཡིན་པས། རྐང་རྩེད་སྤོ་ལོ་མ་ཡིན་པའི་རྩེད་རིགས་གོ་སྒྲིག་བྱེད་འཆར་ཡོད་དམ།
ལན། ད་ལྟའི་ཆ་ལ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པར་རྐང་རྩེད་སྤོ་ལོ་མ་གཏོགས་མེད་པ་ལྟ་བུ་རེད། འོན་ཀྱང་མ་འོངས་པའི་རྩེད་མོ་གཞན་དག་ལ་དམིགས་ནས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ཞེས་བཏགས་པ་རེད། རྩེད་མོའི་རིགས་ག་རེ་ཡིན་ཡང་བྱེད་རྒྱུ་ཡོད་པ་ཞིག་རེད། དངོས་གནས་བྱས་ན་ན་ནིང་ཕྱི་ཟླ་དྲུག་པའི་ནང་བོད་པའི་སློབ་གྲྭ་འཛིན་གྲྭ་བཅུ་གཉིས་ཡན་ལ་ལག་རྩེད་སྤོ་ལོའི་འགྲན་སྡུར་ཞིག་གོ་སྒྲིག་བྱེད་རྒྱུ་བྱས་པ་རེད་དེ། ཕྱི་ཟླ་༣ ཚེས་༡༠ ནས་བོད་ནང་དུ་དོན་རྐྱེན་བྱུང་བར་བརྟེན་ཕྱིར་འཐེན་བྱས་པ་རེད། མ་འོངས་པར་ལག་རྩེད་སྤོ་ལོ་དེ་གོ་སྒྲིག་ཞུ་རྒྱུ་དང༌། ཧི་མ་ཅལ་བྱང་ཕྱོགས་ཀང་ར་རྫོང་དང༌། མན་ཌིའི་རྫོང་གཉིས་སུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་གི་ནང་དུ་བུའི་རྐང་རྩེད་དང་ལག་རྩེད་སྤོ་ལོའི་འགྲན་སྡུར་དང༌། བུ་མོའི་རྐང་རྩེད་དང་ལག་རྩེད་སྤོ་ལོའི་འགྲན་སྡུར་གོ་སྒྲིག་ཞུས་དང་ཞུ་བཞིན་པ་ཡིན། དེ་ལས་ཁྱབ་ཆེ་བའི་སློབ་གྲྭ་ཕན་ཚུན་ནང་ཁུལ་དུ་ལག་རྩེད་སྤོ་ལོའི་འགྲན་སྡུར་གོ་སྒྲིག་བྱེད་འཆར་ཡོད། ཅིག་བྱས་ན་ཕྱི་ཟླ་བཅུ་གཅིག་ནང་ཡོང་མི་སྲིད་པ་མ་རེད་བསམ་གྱི་འདུག
དྲི་བ། རྩེད་རིགས་གོ་སྒྲིག་པ་སྐབས་དཀའ་ངལ་ཆེ་ཤོས་གང་ཡིན་ནམ།
ལན། དཀའ་ངལ་ཆེ་ཤོས་མི་མང་རེད། མི་མང་ལྟད་མོ་བ་རྣམས་ཀྱིས་སོ་སོའི་རུ་ཁག་ཐོབ་པའི་བསམ་བློ་རང་མ་གཏོགས་ཕ་གིར་རྩེད་མོ་བ་རྣམས་ལ་བལྟ་ཡི་ཡོད་མ་རེད། ཁ་སང་ངས་འབོད་སྐུལ་ཞུས་པ་བཞིན་རྩེད་མོ་རྩེ་མཁན་ལ་ལྟད་མོ་བ་དགོས་ཀྱི་ཡོད་རེད་ལ། ལྟད་མོ་བ་ལ་རྩེད་མོ་རྩེ་མཁན་དགོས་ཀྱི་ཡོད་རེད། གཉིས་ཀས་མཉམ་རུབ་མ་བྱས་པ་ཡིན་ན་ང་ཚོའི་ཚོགས་ཆུང་གཅིག་པུས་ནུས་པ་འདོན་ཐུབ་ཀྱི་ཡོད་མ་རེད། ལྟད་མོ་བ་ལ་སོགས་པ་འདིར་ཡོད་པའི་ཚོགས་པ་ཁག་སོགས་ཚང་མས་རྒྱབ་སྐྱོར་གནང་དགོས་ཀྱི་འདུག་བསམ་གྱི་འདུག །

Share this:
༡༢༦ ཀློག་གྲངས།