ཤེས་ཡོན་ཡར་རྒྱས་གཏོང་ཐུབ་པ་གནང་རོགས།

དེར་བརྟེན་བལ་ཡུལ་ནང་དུ་སྒེར་གྱི་སློབ་གྲྭ་ཡག་པོ་ཞིག་འཛུགས་ཐུབ་པ་ཡིན་ན་སྤྱི་སྒེར་གཉིས་ལ་ཕན་ཐོགས་ཡག་པོ་ཡོང་ས་རེད་བསམ་པ་དང༌། ལྷག་པར་དུ་བལ་ཡུལ་གྱི་བོད་མི་མང་པོ་ཞིག་མུ་མཐུད་སྡོད་དགོས་ན། བལ་པོའི་སྐད་ཡིག་ཤེས་པ་ལ་ཁྱད་པར་ཞིག་ཡོད་པ་དང༌། ཆ་རྐྱེན་ཡག་པོ་བྱུང་ན་རྒྱ་གར་དང་ཐག་རིང་པོར་ཕྲུ་གུ་གཏོང་མི་དགོས་པར་སློབ་གྲྭ་བཙུགས་ཐུབ་པ་ཡིན་ན། སློབ་གྲྭ་འཛུགས་མཁན་སྦྱིན་བདག་དང༌། སྒེར་པ་གཉིས་ལ་ཕན་ཐོགས་ཡོང་ས་རེད་བསམ་ནས་བཙུགས་པ་ཡིན། ངའི་སློབ་གྲྭ་དེ་གཙོ་བོ་དབྱིན་ཇིའི་སློབ་གྲྭ་རེད་ལ། ད་ལྟའི་ཆ་ལ་འཛིན་གྲྭ་བཅུ་གཉིས་བར་དུ་ཡོད་པ་རེད། ཕྲུ་གུ་དྲུག་བརྒྱ་ལྷག་ཙམ་ཡོད། སྔོན་མ་སྔོན་འགྲོ་ནས་བཟུང་འཛིན་གྲྭ་བཅུ་པ་བར་དུ་ཡོད་རེད། དེང་སང་འཛིན་གྲྭ་བཅུ་གཉིས་བཙུགས་ནས་ལོ་གཉིས་ཙམ་འགྲོ་ཡི་འདུག འཛིན་གྲྭ་བཅུ་གཉིས་ཐེངས་དང་པོ་ཐོན་ཚར་བ་དང༌། ཐེངས་གཉིས་པ་ད་ལྟ་འགྲོ་བཞིན་པ་རེད།
དྲི་བ། ལོ་རེའི་མཐུན་རྐྱེན་ཧ་ཅང་ཡག་པོ་འདུག་པས། འགྲོ་སོང་ཡང་མང་པོ་འགྲོ་ཡི་ཡོད་ངེས་པས་ག་འདྲ་གནང་གི་ཡོད་དམ།
ལན། འགྲོ་སོང་ཆེན་པོ་རེད། བལ་ཡུལ་དུ་ཆབ་སྲིད་དཀའ་ངལ་སོགས་ལ་བརྟེན་ནས་འགྲོ་སོང་མགོ་ཐུག་ཙམ་མ་ཐུག་ཙམ་བྱས་ནས་ཁག་པོ་ཡོང་གི་འདུག མང་ཆེ་བ་ཕྲུ་གུའི་སློབ་ཡོན་གྱི་ཐོག་ནས་འཛིན་སྐྱོང་གི་འགྲོ་སོང་གཏོང་གི་ཡོད་རེད།
དྲི་བ། སློབ་གྲྭ་འདིའི་ནང་ནས་བལ་ཡུལ་གྱི་རྒྱལ་ཡོངས་ནས་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཐོན་པ་དེ་འདྲ་བྱུང་ཡོད་དམ།
ལན། དེ་འདྲ་བྱུང་ཡོད་རེད། འཛིན་གྲྭ་བཅུ་པའི་ཡིག་རྒྱུགས་ནང་དུ་བརྒྱ་ཆ་དགུ་བཅུ་གོ་གྲངས་ལོན་མཁན་མང་པོ་བྱུང་ཡོད་རེད་ལ། སྤྱིར་བཏང་སློབ་གྲྭ་འདིའི་ནང་དུ་སྔོན་མ་བལ་ཡུལ་གྱི་གྲོས་ཚོགས་ཚོགས་གཙོའི་ཕྲུ་གུ་དང༌། བལ་ཡུལ་གྱི་གློག་བརྙན་འཁྲབ་མཁན་གྱི་ཕྲུ་གུ། པཱ་ཀི་སི་ཐན་གྱི་གཞུང་ཚབ་ནང་གི་ཕྲུ་གུ་དང༌། སློབ་གྲྭ་བཙུགས་ནས་ལོ་བཞིའི་རྗེས་ཙམ་ལ་རྒྱ་ནག་གཞུང་ཚབ་ཀྱི་ལས་ཀ་བྱེད་མཁན་གྱི་ཕྲུ་གུ་ཡང་བཅུག་མྱོང་བ་རེད། དེར་བརྟེན་འདིའི་ནང་ལ་མཐོ་རིམ་དཔོན་རིགས་ཀྱི་ཕྲུ་གུ་མང་པོ་ཡོད་རེད། ད་ལྟ་བོད་པའི་ཕྲུ་གུ་བརྒྱ་ཆ་བཅོ་ལྔ་ཙམ་ཡོད་རེད། སྔོན་མ་སློབ་གྲྭ་བཙུགས་དུས་བོད་པའི་ཕྲུ་གུ་མང་པོ་ཡོད་རེད། དེ་རྗེས་སློབ་ཡོན་སྤྲོད་ཐུབ་མཁན་ཚོས་མཐུན་རྐྱེན་བཟང་བའི་སློབ་གྲྭ་གཞན་དག་ལ་བཏང་བ་རེད། སྔོན་མ་ངའི་སློབ་གྲྭའི་ནང་དུ་ཡོད་པའི་སློབ་མ་མང་ཆེ་བ་ཨ་རི་དང་ཁེ་ན་ཌ་སོགས་ལ་བཏང་བ་ཆགས་བསྡད་ཡོད་རེད། ད་ལྟ་དགེ་རྒན་དང་ལས་བྱེད་བསྡོམས་བརྒྱ་ལྷག་ཙམ་ཞིག་ཡོད།
དྲི་བ། ད་ལྟའི་ཆ་ལ་དམིགས་བསལ་གྱི་དཀའ་ངལ་འདྲ་འཕྲད་ཀྱི་འདུག་གམ།
ལན། སྔོན་མ་ཡིན་ན་དཀའ་ངལ་ཡོད་མ་རེད། ཉེ་ཆར་ལོ་གཉིས་ནང་ལ་རྙོག་གྲ་ཏོག་ཙམ་ཡོང་གི་འདུག ངའི་སློབ་གྲྭ་གཅིག་པུ་མ་རེད། བལ་ཡུལ་རྒྱལ་ཡོངས་ཀྱི་སློབ་གྲྭ་ཚང་མ་རེད། ཁོང་ཚོས་ག་རེ་ལབ་ཀྱི་འདུག་ཟེར་ན། དགེ་རྒན་ནང་ལ་སྐྱིད་སྡུག་གི་ཚོགས་པ་ཡོད་པ། དེ་བཞིན་ལས་བྱེད་མཐོ་རིམ་དམའ་རིམ་ག་རེ་ཡིན་ན་ཡང་ཚོགས་པ་ཡོད་པ། ཐོབ་ཐང་གི་སྒང་ལ་རྩོད་གླེང་མང་པོ་ཡོང་སྡོད་ཀྱི་འདུག དེ་བཞིན་ཉེ་ཆར་མའོ་སྲིད་གཞུང་གསར་པའི་གཞུང་འཛིན་ནང་ལ་སླེབས་ཚར་བའི་རྗེས་ཀྱི་སྲིད་བྱུས་ག་རེ་འདུག་ཟེར་ན། སྒེར་པའི་སློབ་གྲྭ་གཅིག་གྱུར་བཟོ་དགོས་རེད། ཟུར་དུ་བཙུགས་ན་འགྲིག་གི་མ་རེད་ཟེར་བའི་གནས་ཚུལ་ལྷགས་ནས་དཀའ་ངལ་ཡོང་གི་འདུག
དྲི་བ། མཐའ་མ་ཁྱེད་རང་ཕྱག་ལས་གནང་མྱོང་མཁན་དང༌། སྤྱི་འཐུས་ཤིག་ཡིན་པའི་ཆ་ནས་བོད་པའི་སྤྱི་ཚོགས་ལ་འབོད་སྐུལ་ཞུ་རྒྱུ་འདྲ་ཡོད་དམ།
ལན། ངས་དང་པོ་སློབ་གྲྭ་འདི་འདྲ་ཞིག་འཛུགས་ཀྱི་ཡིན་ཞེས་ྋརྒྱལ་བ་རིན་པོ་ཆེར་གཟིམ་ཆུང་མཇལ་ཁ་ཞུས་པ་དང༌། ཐུགས་སྨོན་སྐྱབས་འཇུག་གནང་རོགས་ཞུས་པ་ཡིན། སྒེར་གྱིས་ཤེས་རིག་གི་ཐོག་ལ་དོ་སྣང་བྱེད་ཐུབ་པ་ཡག་པོ་རེད་ཅེས་བཀའ་གནང་བྱུང༌། ང་ཚོ་བཙན་བྱོལ་ནང་ལ་གཞུང་གི་སྒྲིག་འཛུགས་ཀྱི་སློབ་གྲྭ་མང་པོ་ཡོད་རེད། སྒེར་གྱིས་མང་པོ་འཛུགས་ཀྱི་ཡོད་རེད། དེར་བརྟེན་བྱུང་བ་ཡིན་ན། བོད་ནང་ལ་སློབ་གྲྭ་དེ་འདྲ་འཛུགས་ཐུབ་པའི་ཐབས་ཤེས་བྱེད་རྒྱུ་མི་འདུག་གམ་ཞེས་བཀའ་གནང་སོང༌། དེ་བཞིན་ངས་ཐབས་ཤེས་བྱེད་ཀྱི་ཡིན་ཞུས་པ་ཡིན། དེ་ང་རང་གི་ངོས་ནས་ཞུ་ཐུབ་མ་སོང་དེ། ང་ཚོ་བཙན་བྱོལ་ནང་ལ་ྋརྒྱལ་བ་རིན་པོ་ཆེའི་བཀའ་དྲིན་དང༌། བོད་གཞུང་གི་བཀའ་དྲིན་ལ་བརྟེན་ནས་སློབ་གྲྭ་མང་པོ་ཡོད་རེད། དེང་སང་སློབ་གྲྭ་མང་པོ་དང་འགྲོ་སོང་གི་དཀའ་ངལ་མེད་སྟབས། བཙན་བྱོལ་ནང་ལ་ཕྲུ་གུ་ཉུང་དྲགས་པའི་དཀའ་ངལ་ཆགས་བསྡད་ཡོད་རེད། ང་ཚོའི་བོད་ཀྱི་ཕྲུ་གུ་མང་ཆེ་བ་བོད་ལ་ཡོད་རེད། དེར་བརྟེན་སྤྱི་སྒེར་ཚང་མས་དངོས་ཤུགས་བརྒྱུད་གསུམ་ནས་སློབ་གྲྭ་འཛུགས་ཐུབ་པ་དང༌། ཤེས་ཡོན་ཡར་རྒྱས་གཏོང་ཐུབ་པ་དེ་འདྲ་གནང་རོགས་ཞེས་རེ་བ་ཞུ་རྒྱུ་དེ་ཡིན།།

Share this:
༢༢ ཀློག་གྲངས།