ལྷ་སར་བསྐྱར་དུ་མི་བདུན་འཇུ་བཟུང།

 ད་ཐེངས་འཛིན་བཟུང་བྱས་པ་རྣམས་ནི་ཁ་སྔོན་བོད་མི་རྣམས་ཀྱིས་ལྷ་རྒྱལ་སྒྲོག་པའི་ལས་འགུལ་སྤེལ་སྐབས་རྒྱ་དམག་དང་ཉེན་རྟོག་པས་བླངས་པའི་བརྙན་འཕྲིན་དང་འདྲ་པར་ནང་མདུན་དུ་བགྲོད་པའམ། འགན་ཁུར་མཁན་གཙོ་བོ་ཡིན་པ་ལྟ་བུ་ཐེབས་ཡོད་པ་ཁག་ཅིག་ཡིན་འདུག་ལ། ཕྱི་ཚེས་ ༡༠ ཉིན་མུ་མཐུད་བརྩད་གཅོད་གཏོང་བཞིན་ཡོད་འདུག་པ་མ་ཟད། དགོང་མོ་ལས་འགུལ་བ་རྣམས་རང་ཁྱིམ་དུ་ལོག་སྐབས་གསང་སྟབས་ཀྱིས་སྡོད་ཁྱིམ་བརྩད་ཆོད་པ་རྣམས་ཀྱི་ནང་ཞོགས་པ་སྔ་མོ་དང་དགོང་མོ་ས་རུབ་རྗེས་རྒྱ་དམག་དང་ཉེན་རྟོག་པ་རྣམས་འཛུལ་ཡོང་ནས་འཛིན་བཟུང་བྱས་པ་ཞིག་ཡིན་འདུག ད་དུང་ལས་འགུལ་དེའི་ནང་ཞུགས་མཁན་རྣམས་རིམ་བཞིན་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་སྟེ་དམ་བསྒྲགས་ཆེ་རུ་བཏང་ཡོད་འདུག་པ་དང༌། བོད་མི་ཚོང་པ་འགའ་ཞིག་ལྷ་ས་ནས་བྲོས་བྱོལ་དུ་འགྲོ་དགོས་ཀྱང་བྱུང་བཞིན་ཡོད་འདུག ད་ཐེངས་རྒྱ་གཞུང་གིས་ལྷ་སའི་བྱེད་སྟངས་འདི་དང་དེ་བཞིན་སྡེ་དགེ་འཇོ་མདའ་རྫོང་ཕྱོགས་སུ་ཉེ་ཆར་སྒྲུབ་བླ་རྣམས་གཅར་རྡུང་བྱས་པ་དང་དགོན་སྡེ་ཁག་ཏུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་བཙན་དབང་དུ་བཏང་བ་འདི་དག་གང་ལ་བལྟས་ཀྱང་རྒྱལ་ཁབ་འདི་ཚང་ལ་ཆོས་ལུགས་དད་པ་རང་མོས་མེད་པའི་མངོན་རྟགས་གསལ་པོ་ཆགས་སོང་སྐོར་གཟུ་བོར་གནས་པའི་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བརྒྱུད་བསྒྲགས་གནང་རོགས་གྱིས་ཞེས་ལྷ་ས་ནས་གནས་ཚུལ་མཁོ་སྤྲོད་པས་འབོད་སྐུལ་ཤུགས་ཆེ་ཞུ་བཞིན་ཡོད་འདུག་ཅེས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཆབ་སྲིད་སྡེ་ཚན་གྱི་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་མཁོ་སྤྲོད་གནང་སོང།།

Share this:
༤༨ ཀློག་གྲངས།