འཛམ་གླིང་ནང་ཡིག་ཚད་སྐབས་ཉེན་རྟོག་པ་མང་ཤོས།

    དེ་ཡང་ཟླ་གྲངས་འགའི་སྔོན་དུ་རྒྱ་ནག་སློབ་གྲྭ་ཆེན་མོའི་ཡིག་ཚད་སྐབས་དགེ་རྒན་དང་ཕ་མ་ཟླ་སྒྲིལ་གྱིས་རྒྱུགས་ཤོག་ཉོ་ཚོང་ཧ་ཅང་ཕོན་ཆེན་བྱས་ཡོད་པ་དང༌། དེ་བཞིན་སློབ་ཕྲུག་གི་རྣ་ལ་ལག་ཐོག་ཁ་པར་ནས་བརྡ་ལན་སྤྲོད་ཐུབ་པའི་གློག་གི་ཡོ་ཆས་སོགས་བེད་སྤྱད་དེ། དགེ་རྒན་དང་ཕ་མ་སློབ་མ་འགའ་ཤས་བཅས་ད་དུང་ཡང་བཙོན་ཁང་དུ་བཀག་ཉར་བྱས་ཡོད་འདུག སྤྱིར་རྒྱ་ནག་ལ་སློབ་མ་མང་བ་དང་གཙུག་ལག་སློབ་གྲྭར་མ་ཚུད་ན་མ་འོངས་པའི་ལས་ཀའི་ཕྱོགས་ལ་ཧ་ཅང་དཀའ་ངལ་ཡོད་པ་མ་ཟད། ཕྱོགས་མཐའ་ཁག་ནས་ཡོང་བའི་གྲོང་གསེབ་ཀྱི་སློབ་མ་མང་པོ་གྲོང་ཁྱེར་དུ་ཡུན་རིང་བསྡད་པས། ཡིག་ཚད་མ་འཁྱོལ་ནས་སླར་ཡང་གྲོང་གསེབ་ཏུ་ལོག་དགོས་བྱུང་ན། ས་ཞིང་འདེབས་ལས་དང་སྒོ་ཕྱུགས་གསོ་ཉར་གྱི་ལས་ཀའི་རིགས་བྱེད་མི་ཐུབ་པས། གྲོང་ཁྱེར་ཁག་ཏུ་ཕྱོགས་མཐའ་ནས་ཡོང་བའི་ན་གཞོན་ལས་མེད་མང་པོ་ཕུང་གསོག་བྱེད་བཞིན་ཡོད་འདུག དེའི་རྐྱེན་གྱིས་རྐུན་མ་དང་མི་གསོད་ཀྱི་གྱོད་གཞི། གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་མཁན་མང་ཆེ་བ་སློབ་གྲྭ་ཁུངས་མ་འཁྱོལ་བའི་ན་གཞོན་ལས་མེད་རྣམས་དང་འབྲེལ་བ་ཆེན་པོ་ཡོད་སྐོར་འཁོད་ཡོད་པ་རེད།།

Share this:
༣༣ ཀློག་གྲངས།