རྒྱལ་སྤྱིའི་རྩོམ་པ་པོའི་ཚོགས་འདུར་བོད་མི་མཉམ་ཞུགས།

འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཀ་ཏ་ལན་པེན་རྩོམ་པ་པོའི་མཐུན་ཚོགས་(Catalan PEN)ཀྱིས་གོ་སྒྲིག་བྱས་ཏེ། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལོ་ཙཱ་དང་སྐད་ཡིག་རང་དབང་སྡེ་ཚན་གྱི་ཚོགས་འདུ་དེ་ཟླ་འདིའི་ཚེས་ ༢༥ ནས་ ༢༧  བར་ཉིན་གསུམ་རིང་སི་པེན་ (Spain) རྒྱལ་ཁབ་ཀྱི་ཀ་ཏ་ལོ་ན་ཡ་རང་སྐྱོང་མངའ་སྡེའི་གྲོང་ཁྱེར་རྗེ་རཱོ་ན་ (Girona) རུ་ཚོགས་ཡོད་པ་རེད།

DSC04645དེར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་དང་། རྒྱུན་ལས་ཨ་རིག་དགེ་མཐོང་། རྡོ་རྗེ་ཚེ་རིང་བཅས་ཚོགས་ཞུགས་བྱས་ཤིང་། བོད་ཀྱི་སྐད་ཡིག་གི་གནས་སྟངས་དང་བརྡ་འཕྲིན་བརྒྱུད་ལམ་ནང་རྩོམ་འབྲིའི་སྐོར་ལ་གཏམ་བཤད་བྱས་ཡོད་པ་རེད།
ཐེངས་འདིའི་ཚོགས་འདུར་ཉི་ཧོང་དང་། ཧྥ་རན་སི། ལྷོ་ཨ་ཧྥེ་རི་ཀ། ཧང་གྷ་རི་སོགས་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཁག་ཉི་ཤུ་ཙམ་གྱི་འཐུས་ཚབ་རྩོམ་པ་པོ་དང་ལོ་ཙཱ་བ་སོགས་མཉམ་ཞུགས་བྱས་ཡོད་པ་ལ། ཚོགས་འདུའི་ཐོག་གྲོང་ཁྱེར་རྗེ་རཱོ་ནའི་སྤྱི་ཁྱབ་པ་སྐུ་ཞབས་ཀཱར་ལེས་པཱོས་ཆི་ཌེ་མོན ( Carles Puigdemont)གྱི་ས་ཚོགས་འདུའི་དབུ་འབྱེད་གསུང་བཤད་གནང་བ་དང།  ཉིན་གསུམ་རིང་ཡིག་སྒྱུར་གྱི་གལ་གནད་དང་བྱ་ཐབས་སྐོར་ཉམས་མྱོང་བརྗེ་རེས་དང་། རྩོམ་རིག་གི་ཕན་ནུས་འདོན་སྤེལ་བྱེད་ཐབས་སྐོར་། དེ་བཞིན་དེང་རབས་བརྡ་འཕྲིན་བརྒྱུད་ལམ་ནང་རྩོམ་ཡིག་འབྲི་སྤེལ་གྱི་དགེ་སྐྱོན་བཅས་ཀྱི་སྐོར་ལ་བགྲོ་གླེང་གོ་བསྡུར་དང་། རྒྱལ་སྤྱིའི་པེན་གྱི་ཡན་ལག་ལོ་ཙཱ་དང་སྐད་ཡིག་སྡེ་ཚན་གྱི་ལས་དོན་བསྐྱར་ཞིབ། དེ་བཞིན་ཕྱི་ལོ་ ༢༠༡༡ ལོར་རྒྱལ་སྤྱིའི་པེན་རྩོམ་པ་པོའི་ཚོགས་ཆེན་ཐོག་སྤེལ་པའི་སྐད་ཡིག་རང་དབང་སྐོར་གྱི་བསྒྲགས་གཏམ་དོན་ཚན་ཁག་བཅུ་བསྐྱར་བསྒྲགས་བྱས་ཡོད་པ་རེད།

IMG_7364ཚོགས་འདུ་ཉིན་གསུམ་པའི་སྔ་དྲོར། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ཀྱིས། བོད་ཀྱི་སྐད་ཡིག་དང་བརྡ་འཕྲིན་བརྒྱུད་ལམ་ནང་རྩོམ་འབྲིའི་གནས་བབ་སྐོར་ལ་གཏམ་བཤད་གནང་། གཏམ་བཤད་རྩོམ་ཤོག་ནང་བོད་ཀྱི་སྐད་ཡིག་གི་གལ་གནད་དང་མིག་སྔའི་གནས་སྟངས་སྐོར། ༸གོང་ས་མཆོག་གི་དབུ་ཁྲིད་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་སྐད་ཡིག་དང་རིག་གནས་ཁག་རྒྱུན་འཛིན་དང་དར་སྤེལ་བྱེད་ཚུལ། དེ་བཞིན་བོད་སྐད་ཡིག་དང་འབྲེལ་བའི་བོད་ཕྱི་ནང་གི་བརྡ་འཕྲིན་ལག་རྩལ་གྱི་གནས་བབ། བོད་མི་རང་ལུས་མེར་སྲེག་གནང་མཁན་མང་པོའི་ཞལ་ཆེམས་ནང་སྐད་ཡིག་སྦྱོང་སྤྱོད་ཀྱི་རང་དབང་དགོས་ཚུལ་བཀོད་ཡོད་པ་གསལ་སྟོན་དང་འབྲེལ་བོད་མིའི་རང་སྲེག་ངོ་རྒོལ་གྱི་འབྱུང་རྐྱེན་སྐོར། དེ་བཞིན་བོད་ཕྱི་ནང་དུ་བོད་སྐད་ཡིག་སློབ་སྦྱོང་དང་འབྲེལ་བའི་སྒེར་གྱི་ཉམས་མྱོང་བཅས་བཀོད་ཡོད་པ་དང་། མཇུག་ཏུ་གནད་དོན་དེ་དག་ཐད་དྲི་བ་དྲིས་ལན་རྒྱས་པ་བྱས་ཡོད་པ་རེད། གཏམ་བཤད་རྩོམ་ཤོག་དེ་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲ་རྒྱ་དང་། དེ་བཞིན་སྐད་ཡིག་གཞན་ཁ་ཤས་ནང་བསྒྱུར་ཏེ་རྩོམ་པ་པོའི་མཐུན་ཚོགས་གཞན་ཁག་ཅིག་གི་དྲ་རྒྱའི་ཐོག་འཁོད་རྒྱུ་ཡིན་པ་རེད།

ཀ་ཏ་ལོ་ན་ཡ་ནི་སི་པེན་རྒྱལ་ཁབ་འོག་རང་སྲིད་རང་སྐྱོང་གི་གནས་བབ་ཚད་ལྡན་ཡོད་པའི་མངའ་སྡེ་ཞིག་ཡིན་པ་དང་། ཡུ་རོབ་སྤྱི་འཐུས་རྒན་ཐུབ་བསྟན་དབང་ཆེན་གྱིས་གསར་འཛུགས་གནང་བའི་སི་པེན་བོད་ཁང་ཡང་མངའ་སྡེ་དེའི་རྒྱལ་ས་བྷར་སི་ལོ་ན་(Barcelona)རུ་ཡོད་པ་རེད། ཀ་ཏ་ལན་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་སྐད་ཡིག་རང་དབང་དང་སྲུང་སྐྱོབ་སྐོར་ལ་དམིགས་བསལ་ལས་འགུལ་སྤེལ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ནི་འཛམ་གླིང་ནང་ཤེས་ཡོན་ཅན་དང་རྩོམ་པ་པོའི་མཐུན་ཚོགས་སྔ་ཤོས་དང་ཆེ་ཤོས་ཡིན་པ་དང་། ད་ཕན་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ནང་ཡན་ལག་གི་རྩོམ་པ་པོའི་མཐུན་ཚོགས་ཁག་བརྒྱ་དང་བཞི་བཅུ་ལྷག་ཡོད་པ་རེེད། །

Share this:
༡༦༩ ཀློག་གྲངས།