རྒྱ་གར་གྱིས་བོད་མིར་མུ་མཐུད་རྒྱབ་སྐྱོར་བྱེད་རྒྱུ་རེད།

ཟླ་འདིའི་ཚེས་༣༠ ཉིན་རྒྱ་གར་གཞུང་འཛིན་ཚོགས་པའི་ཕྱོགས་ཏོགས། ཨར་ཨེ་སི་ཨེ་སི་(RSS) སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ཨིན་དེ་རི་ཤི་ཀུ་མཱར་(Indresh Kumar) དྷ་སར་ཕེབས་ཏེ། བོད་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་མཛད་གཙོ་རྣམ་པར་མཇལ་འཕྲད་དང་། མི་མང་ལ་གཏམ་བཤད་གནང་ཡོད་པ་རེད།

_MG_8627དེ་ཡང་ཕྱི་ཟླ་༦ ཚེས་༣༠ ཉིན་གྱི་སྔ་དྲོ་དྷ་ས་ས་གནས་འགོ་འཛིན་ལས་ཁང་གི་གོ་སྒྲིག་འོག ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་དང་། སྐུ་ཞབས་ཨིན་དེ་རི་ཤི་ཀུ་མཱར་གྱིས་མི་མང་ལ་གཏམ་བཤད་གནང་སྐབས། ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེས་ཁོང་དྷ་སར་གདན་འདྲེན་དགོས་པའི་སྐོར་ངོ་སྤྲོད་གནང་བ་དང་། ཁོང་ནི་བོད་དོན་རྒྱབ་སྐྱོར་གནང་མཁན་རྙིང་པ་ཞིག་ཡིན་པ་རེད།

སྐུ་ཞབས་ཨིན་དེ་རི་ཤི་ཀུ་མཱར་གྱིས་གསུང་བཤད་གནང་སྐབས། ཕྱི་ལོ་༡༩༥༠ང་གྲངས་ནང་སྐྱབས་བཅོལ་དུ་ཕེབས་པའི་བོད་མི་རྣམས་རྣམས་དང་། རྒྱ་གར་དུ་སྐྱེས་མཁན་ཚང་ཁྲིམས་དང་འགྲོ་སྟངས་ཀྱི་རྐྱེན་པས་སྐྱབས་བཅོལ་བར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། བོད་མི་རྒན་གཞོན་ཚང་མས་སྐྱབས་བཅོལ་བའི་ཁྲིམས་ལུགས་ཤེས་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་ལ།ཁོང་གིས་བོད་མིའི་སྒྲིག་འཛུགས་ངོས་ནས་བོད་ནང་རང་སྲིད་རང་སྐྱོང་གི་གནས་བབས་ཡོང་སླད་འཚེ་མེད་ཞི་བའི་ཐོག་འཐབ་རྩོད་གནང་བཞིན་ཡོད་པ་དེ་མུ་མཐུད་རྒྱུ་གལ་ཆེན་ཡིན་སྐོར་དང་། བོད་ཀྱི་གནད་དོན་ཐོག་རྒྱ་གར་དང་རྒྱལ་སྤྱི་གཉིས་ཀྱི་ནང་དུ་རྒྱབ་སྐྱོར་འཚོལ་རྒྱུ་དང་། རྒྱ་ནག་ལ་གནོན་ཤུགས་སྤྲད་རྒྱུ་ཤུགས་ཆེ་རུ་གཏོང་དགོས་སྐོར་གསུང་སྐབས།ཁོང་རྣམ་པས་ཀྱང་རྒྱལ་སྤྱིའི་དབུ་ཁྲིད་གཞན་པ་རྣམས་ལ་མཇལ་འཕྲད་སྐབས་བོད་ནང་གི་གནས་སྟངས་སྐོར་བཤད་ཀྱི་ཡོད་སྐོར་གསུངས་སོང་།

_MG_8646ཁོང་གིས་མུ་མཐུད་གསུང་དོན། རྒྱ་གར་གཞུང་འཛིན་ཚོགས་པའི་ངོས་ནས་བོད་མིར་གཟིགས་སྟངས་ཡག་པོ་ཡོད་སྐོར་དང་། ཉེ་འཆར་སྲིད་སྐྱོང་བློ་བཟང་སེང་གེ་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་རྒྱ་གར་སྲིད་བློན་གྱི་དམ་འབུལ་མཛད་སྒོར་གདན་ཞུ་ཞུས་པ་ཐེངས་དང་པོ་ཆགས་ཡོད་སྐོར་དང་། ད་ལྟའི་ཆར་བཙན་བྱོལ་བོད་མི་ཚོའི་བདེ་དོན་དང་ཤེས་ཡོན།ཚོང་འབྲེལ།འཕྲོད་བསྟེན་བཅས་དང་འབྲེལ་བའི་གནད་དོན་ཚང་མའི་ཐོག་ཞུ་གཏུག་ག་རེ་ཡོད་ཀྱང་དེར་ཁོང་རྣམ་པས་རྒྱབ་སྐྱོར་གང་ཐུབ་གནང་རྒྱུ་ཡིན་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས་བོད་མི་ཚང་མས་དོན་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་དགོས་སྐོར་དང་། མ་འོངས་པར་བོད་རང་བཙན་ཐོབ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མས།རྒྱ་གར་གྱི་སྲིད་བློན་དམ་པ་ནེ་ཧ་རི་ནས་སྲིད་བློན་རིམ་བྱོན་གྱིས་ད་ལྟའི་བར། བོད་མི་སྐྱབས་བཅོལ་བར་གཟིགས་རྟོགས་གནང་ཡོད་སྐོར་དང་། རྒྱ་གར་གྱི་གཞུང་འཛིན་པ་སྔོན་མའི་སྐབས།བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བཙན་བྱོལ་བོད་མི་རྣམས་ཀྱི་ཤེས་ཡོན་དང་ཟ་འབྲུ།དེ་བཞིན་འཕྲོད་བསྟེན་དང་ཚོང་ལས་སོགས་དང་འབྲེལ་བའི་དཀའ་ངལ་རྣམས་ལ་རྒྱབ་སྐྱོར་དགོས་སྐོར་ཞུས་ཡོད་པ་རྣམས། གཞུང་འཛིན་ཚོགས་པ་གསར་པས་མུ་མཐུད་རྒྱབ་སྐྱོར་ཡོང་བར་འབོད་སྐུལ་གནང་ཡོད་པ་རེད།

ཐེངས་འདིར་སྐུ་ཞབས་ཨིན་དེ་རི་ཤི་ཀུ་མཱར་གྱིས་སྔ་དྲོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་མཇལ་ཕྲད་དང་། དེ་རྗེས་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་རྣམས་དང་མཇལ་ཕྲད་དང་། ཉིན་དགུང་བཀའ་བློན་ལྷན་འཛོམས་ཐོག་གསོལ་སྟོན་བཤམ་ཡོད་པ་རེད།།

Share this:
༤༡ ཀློག་གྲངས།