ཕྱི་ཟླ་དྲུག་པ། འཁྲབ་སྟོན་གྱི་ཟླ་བ།

    ཕྱི་ཟླ་དྲུག་པའི་ཚེས་༥ དགོང་མོ་བོད་གཞུང་ཟློས་གར་དུ་དྷེ་ར་དྷུན་ནས་ཡོང་བའི་ལྷག་པ་ལགས་ཀྱིས་མགོ་ཁྲིད་པའི་རྒྱལ་གཅེས་ན་གཞོན་གླུ་གར་ཚོགས་པ་དང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་གླུ་གཞས་འཁྲབ་སྟོན་ཐོག་རྒྱ་གར་གྱི་གླུ་གཞས་དང༌། བོད་གཞས། དེང་རབས་ཀྱི་འཁྲབ་གཞས་སོགས་སྣ་འཛོམས་འཁྲབ་སྟོན་བྱས་སོང་ལ་མི་མང་ཡང་གང་མང་འཛོམས་སོང༌། ཕྱི་ཚེས་༦ དང་༧ དགོང་མོ་མཛངས་མའི་འགྲན་སྡུར་དང་ལྷན་དུ་གླུ་གཞས་འཁྲབ་སྟོན། དེའི་ཕྱི་ཉིན་ཚེས་༨ ཉིན་ན་གཞོན་གཞས་པ་ཁག་ཅིག་གིས་གླུ་གཞས་འཁྲབ་སྟོན་བྱས་པ་དང༌། ཚེས་༩ ཉིན་ཨེ་ཚི་ན་ཚ་སྔོན་འགོག་གི་ཁྱབ་བསྒྲགས་ཆེད་དུ་ལྡི་ལི་ནས་ཡོང་བའི་སཱ་ཧ་རཱ་རོལ་དབྱངས་རུ་ཁག་དང༌། བོད་གཞུང་ཟློས་གར་གཉིས་ནས་དེང་རབས་དང་སྲོལ་རྒྱུན་གྱི་གླུ་གཞས་མང་པོ་འཁྲབ་སྟོན་བྱས་ཡོད་པ་རེད། དེ་བཞིན་དེའི་དགོང་མོ་ཡོངས་གླིང་སློབ་གྲྭར་བོད་མི་ཁག་ཅིག་གིས་གླུ་གཞས་འཁྲབ་སྟོན་ཞིག་ཀྱང་བྱས་ཡོད་འདུག ཚེས་༡༠ དང་༡༡ གཉིས་ཀྱི་དགོང་མོ་ལྷག་པ་རྒྱལ་གཅེས་ན་གཞོན་གླུ་གར་ཚོགས་པ་དང༌། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག དྷེ་ར་དྷུན་ནས་ཕེབས་པའི་རྒྱ་གར་གྱི་སྐད་གྲགས་ཆེ་བའི་རོལ་དབྱངས་ཚོགས་པ་དང༌། བོད་པའི་ན་གཞོན་གཞས་པ་ཁག་ཅིག་བཅས་ཀྱིས་བོད་གཞས་དང༌། དབྱིན་ཇིའི་གཞས། རྒྱ་གར་གྱི་གཞས། ནེ་པ་ལའི་གཞས། དེང་རབས་ཀྱི་འཁྲབ་གཞས་སོགས་སྣེ་མང་འཁྲབ་སྟོན་བྱས་པ་དང༌། མི་མང་ཡང་གང་འཚམས་འདུ་འཛོམས་བྱུང་སོང༌། ད་ལྟ་བར་གྱི་མཚན་ཚོགས་ཐེངས་བདུན་པོའི་སྐབས་སུ་འཁྲུག་རྩོད་ཤོར་བ་སོགས་བྱུང་མེད་ལ། མི་མང་རྣམས་ལུགས་མཐུན་གྱི་ངང་ནས་ལྟད་མོ་ལ་རོལ་ཡོད། འོན་ཀྱང་ཁ་ཤས་ཤིག་ར་བཟི་སྐྱུར་འགོང་བྱེད་མཁན་དེ་འདྲ་ཡོད་པ་ནི་སྤྱི་ཚོགས་ཀྱི་རྒྱུན་གཏན་གནས་སྟངས་ཤིག་རེད།
    འདི་ལྟར་ཕྱོགས་ཡོངས་ནས་བསམ་གཞིག་ཅིག་བྱས་ན། གླུ་གཞས་འཁྲབ་སྟོན་དེ་དག་འགྲོ་བ་མིའི་དགོས་མཁོ་ཞིག་དང༌། གོ་སྐབས་ཤིག་ལ་བརྟེན་པ་མ་གཏོགས། གནད་དོན་གཞན་ཞིག་ལ་ཁྱད་གསོད་དང༌། མཐོང་ཆུང༌། སྣང་མེད་བྱས་པ་སོགས་ཁྲེལ་མེད་ཀྱི་བྱ་བ་ཞིག་རེད་ཅེས་སུས་ཀྱང་ཁ་ཚོན་གཅོད་མི་ཐུབ་པ་ཞིག་རེད། ད་དུང་དེའི་ནང་ནས་རོལ་མོའི་མ་ལག་སྒྲིག་སྟངས་དང༌། གཞས་པས་གླུ་གཞས་ལེན་སྟངས། གོ་སྒྲིག་པས་གོ་སྒྲིག་བྱེད་སྟངས་སོགས་ཉམས་མྱོང་དང་ཡར་རྒྱས་ཀྱི་ལམ་ཁ་ཞིག་ཡོད་པ་ནི་དེ་བས་ཀྱང་སྨྲོས་མི་དགོས་པ་ཞིག་རེད། གནས་སྟངས་འདི་དག་ནས་བཙན་བྱོལ་སྤྱི་ཚོགས་འདིར་བྱེད་སྒོ་འདི་རིགས་ཡོད་ན་གང་ཅིའི་ཐད་ལེགས་ཆ་ཆེ་བ་ཡོད་པ་ར་སྤྲོད་བྱེད་ཐུབ་ཀྱི་ཡོད། མདོར་ན། ད་ལོའི་ཕྱི་ཟླ་དྲུག་པ་དེ་འཁྲབ་སྟོན་གྱི་ཟླ་བ་ཞིག་ཏུ་གྱུར་སོང༌། འདི་ལྟར་མུ་མཐུད་ད་དུང་བོད་ཀྱི་སྐད་ཡིག་ཐད་ཀྱི་བྱེད་སྒོ་སྤེལ་བའི་ཟླ་བ་དང༌། རིག་གཞུང་ལ་སྦྱོང་བརྡར་བྱེད་པའི་ཟླ་བ། ཆབ་སྲིད་ཀྱི་བྱེད་སྒོ་ཤུགས་ཆེན་སྤེལ་བའི་ཟླ་བ་སོགས་བྲེལ་ཚུབ་ཀྱིས་ཡོད་ན་དགའ་བ་ལ་ཨང༌།།
    
    

   

 

Share this:
༥༦ ཀློག་གྲངས།