རྒྱལ་ཚོགས་ཀྱི་འགྲོ་བ་མའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་མིའི་གཏམ་བཤད།

    དེ་ཡང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཚོགས་དུས་༡༡ པའི་བདུན་ཕྲག་གཉིས་པའི་སྐབས། བོད་ཀྱི་སྐུ་ཚབ་གཉིས་ཚོགས་ཞུགས་བྱས་ཡོད་པ་དང༌། ལྷན་ཚོགས་ཐོག་གི་གཏམ་བཤད་རྣམས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་མཁས་པ་དང་ཁྲིམས་རྩོད་པ་སོགས་ཀྱིས་འགྲེམས་སྤེལ་བྱས་ཡོད་ཅིང། གཏམ་བཤད་བྱེད་མཁན་བསྟན་འཛིན་བསམ་འཕེལ་གྱིས་གཙོ་བོ་རྒྱ་གཞུང་གིས་བོད་ནང་ཡོད་པའི་གཞོན་སྐྱེས་ཚོའི་གནས་བབས་ལ་ངེས་པར་དོ་སྣང་བྱེད་དགོས་པ་དང༌། བོད་ཀྱི་ས་ཁུལ་གང་སར་བོད་ཕྲུག་ཚོར་སློབ་སྦྱོང་གི་གོ་སྐབས་མི་རག་པའི་དཀའ་ངལ་ཡོད་པ་རྣམས་སེལ་ཐབས་བྱེད་དགོས་ལ། དམིགས་བསལ་གྱིས་གྲོང་གསེབ་ཁག་དང་ཞིང་པ། འབྲོག་པའི་ཕྲུ་གུ་ཚོར་ཉུང་མཐའ་ལའང་མི་ལོ་༩ ཙམ་གྱི་སློབ་སྦྱོང་གི་མཐུན་རྐྱེན་ངེས་པར་དུ་སྤྲོད་དགོས་ལ། དེ་བཞིན་བོད་ཀྱི་ས་ཁུལ་ཁག་ཏུ་བོད་རིགས་མཐོ་རིམ་སློབ་མ་ཚོར་འཕྲུལ་ཆས་ཆེད་ལས་པའི་སྦྱོང་བརྡར་སྤྲོད་དགོས་པ་མ་ཟད། གཞི་རིམ་གྱི་སློབ་སྦྱོང་གི་སྒྲོམ་གཞིའི་ནང་ཆེད་ལས་པ་ཐོན་ཐུབ་པའི་འབད་བརྩོན་བྱེད་དགོས། ཆེད་ལས་པ་མང་ཙམ་ཐོན་ཐུབ་ན་བོད་ཀྱི་ས་ཁུལ་ཁག་ཏུ་ལས་གཞི་འདྲ་མིན་བཙུགས་ཐུབ་པ་མ་ཟད། བོད་མི་མང་པོས་རང་ས་ནས་ལས་ཀ་འཚོལ་ཐུབ་པ་དང་ཚོང་ལས་སོགས་སྒེར་བདག་ལས་གཞི་མང་པོ་ཡོང་བར་ཕན་ཐོགས་ཡོད། གལ་སྲིད་རྒྱ་གཞུང་གིས་བོད་མི་ཚོར་འདོད་པ་ཁེངས་པའི་སློབ་སྦྱོང་གི་གོ་སྐབས་དང་མཐུན་རྐྱེན་སྦྱར་དགོས་པ་དེ་གལ་ཆེན་དོན་ཆེན་ཞིག་ལ་ངོས་འཛིན་བྱས་ན། དུས་ཡུན་རིང་པོའི་ནང་འགྲོ་བཞིན་པའི་བོད་ཀྱི་ས་ཁུལ་ཁག་གི་དཀའ་རྙོག་གི་གྲོས་གཞི་དེའང་རང་བཞིན་གྱིས་ཡལ་ཐུབ་པའི་རེ་བ་ཡོད། དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གིས་བོད་ཕྲུག་ཚོར་འཆར་འགོད་བྱས་ཡོད་པའི་ཤེས་ཡོན་སྲིད་ཇུས་དེ། བོད་སྐད་དང་བོད་ཀྱི་ལོ་རྒྱུས་སྦྱོང་རྒྱུའི་གོ་སྐབས་འཕྲོག་ཐབས་དང༌། དེའི་ཚབ་ཏུ་རྒྱ་ནག་དམར་ཕྱོགས་པའི་སློབ་གསོ་བརྒྱབ་སྟེ་བོད་ཕྲུག་ཚོ་དམར་ཕྱོགས་རིང་ལུགས་ལ་ལྷག་བསམ་རྣམ་དག་བྱེད་མཁན་ཞིག་ཆགས་ཐབས་བྱེད་བཞིན་ཡོད། སློབ་གསོ་འདིའི་ཁ་ཕྱོགས་འོག་ནས་བོད་ཕྲུག་ཚོར་རང་གི་རྩ་བའི་བླ་མར་ངོ་རྒོལ་བྱེད་དགོས་པའི་བཀོད་མངགས་དེ་རང་བཞིན་གྱིས་ཡོང་གི་ཡོད་པ་རེད་ཅེས་བརྗོད་ཡོད་པ་རེད།
    ཚོགས་ཞུགས་པ་བདེ་སྐྱིད་སྒྲོལ་དཀར་གྱིས། བོད་ནང་གི་བོད་མི་ཚོར་མི་ལོ་བཅུ་ཕྲག་མང་པོའི་རིང་ལ་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་བྱེད་ཀྱི་ཡོད་པས་མ་ཚད། བོད་མི་སུ་འདྲ་ཞིག་གིས་དྲང་བདེན་གྱི་སྨྲ་བརྗོད་བྱས་ན། རྒྱ་གཞུང་གིས་ཁྲིམས་འགལ་ཡིན་པའི་དཔང་རྟགས་གང་ཡང་མེད་པར་ངལ་རྩོལ་རུ་ཁག་ཏུ་བཏང་བ་དང༌། ཡང་ཁྲིམས་བཤེར་མེད་པར་བཙོན་ཁང་དུ་བཀག་ཉར་བྱས་པ། ཡང་ན་ལོ་གྲངས་བཅད་ཀྱིས་བཙོན་འཇུག་བྱེད་བཞིན་ཡོད་པ་རེད། དེ་བཞིན་བོད་རིགས་དགེ་རྒན་སྒྲོལ་མ་སྐྱབས་དང། རྩོམ་པ་པོ་ནོར་འཛིན་དབང་མོ། ཚེ་རིང་འོད་ཟེར་སོགས་ལ། ཉེན་བརྡ་བཏང་བ་དང། བཙོན་འཇུག་གི་དཀའ་ངལ་ཡང་ཚད་མེད་མྱོང་བཞིན་ཡོད་སྐོར་བཅས། བོད་ནང་གི་དངོས་ཡོད་ཀྱི་དཀའ་ངལ་རྣམས་གཞིར་བཞག་ནས་གཏམ་བཤད་བྱས་ཡོད་པ་རེད།།

Share this:
༧༦ ཀློག་གྲངས།