ཞི་ཅིན་ཕིང་གིས་ལྷོ་ཀོ་རི་ཡར་འཚམས་གཟིགས།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རེས་གཟའ་ཕུར་བུའི་ཉིན་ལྷོ་ཀོ་རི་ཡའི་རྒྱལ་ས་སའོ་རུ་འབྱོར་ཏེ། ཉིན་གཉིས་རིང་གི་རྒྱལ་དོན་འཚམས་འདྲི་འགོ་འཛུགས་བྱས་ཡོད་པ་རེད།

ཉིན་དེའི་ཕྱི་དྲོར་ཞི་ཅིན་ཕིང་གིས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལྕམ་པག་གྷེན་ཧེ་ (Park Geun-hye) དང་ལྷན་དུ་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱི་གྲོས་མོལ་བྱས་ཡོད་པ་དང་། དེ་ནི་དབུ་ཁྲིད་གཉིས་མཇལ་འཕྲད་ཐེངས་༥ པ་ཆགས་ཡོད་པ་རེད། མཇལ་འཕྲད་རྗེས་ཀྱི་གསར་འགོད་ལྷན་ཚོགས་ཐོག་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ནང་འཁོད་པར་གཞིགས་ན། ཕྱོགས་གཉིས་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་གཞི་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། འདས་པའི་ལོ་རྒྱུས་ཀྱི་གནད་དོན་ལ་མཉམ་འབྲེལ་གྱིས་ཞིབ་འཇུག རྒྱ་ནག་མི་དམངས་དངུལ་སྒོར་དང་ལྷོ་ཀོ་རི་ཡའི་དངུལ་ལོ་གཉིས་ཐད་ཀར་བརྗེ་བསྒྱུར་གྱི་སྡིངས་ཆ་གསར་འཛུགས་སོགས་ཀྱི་ཐོག་ལ་སྤྱི་མོས་བྱུང་ཡོད་འདུག

140703121013_xijinping_skorea_visit_624x351_gettyལོ་སྔོན་མའི་ཕྱི་ཟླ་༦ པའི་ནང་ལྕམ་པག་གྷེན་ཧེ་རྒྱ་ནག་ཏུ་འཚམས་འདྲིར་བསྐྱོད་པའི་སྐབས། རྒྱ་ནག་དང་ལྷོ་ཀོ་རི་ཡ་ཕྱོགས་གཉིས་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་གནད་དོན་ཐད་“རྡུལ་ཕྲན་མེད་པའི་ཕྱེད་གླིང་དང་། ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ། འབྲེལ་མོལ་བརྒྱུད་དེ་གནད་དོན་ཐག་གཅོད་”སོགས་ཀྱི་ཐོག་ལ་སྤྱི་མོས་བྱུང་ཡོད་ཅིང་། ལོ་གཅིག་རྗེས་ཀྱི་ཐེངས་འདིའི་དབུ་ཁྲིད་གཉིས་ཀྱི་གྲོས་མོལ་ནང་། ལྷོ་ཀོ་རི་ཡའི་ཕྱོགས་ནས་“ཕྱེད་གླིང་”ཞེས་པའི་ཐ་སྙད་“བྱང་ཀོ་རི་ཡ”ལ་བསྒྱུར་དགོས་པའི་བསམ་ཚུལ་དང་། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆའི་ལས་གཞི་འདོར་དགོས་པའི་རེ་བ་བཏོན་ཡོད་པ་རེད།

ཐེངས་འདིའི་སྲིད་འཛིན་ཞི་ཅིན་ཕིང་གི་ལྷོ་ཀོ་རི་ཡིའི་འཚམས་གཟིགས་ནི་རྒྱ་ནག་དམར་པོའི་སྲིད་གཞུང་གི་ལོ་རྒྱུས་ནང་ལྷོ་བྱང་ཀོ་རི་ཡ་གཉིས་ལས་ཐོག་མར་ལྷོ་རུ་བསྐྱོད་པ་ཐོག་མ་ཆགས་ཡོད་པ་དང་། འདས་པའི་སྲོལ་རྒྱུན་ལྟར་ན་དམར་པོའི་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པའི་བྱང་ཀོ་རི་ཡ་དང་རྒྱ་ནག་གཉིས་མཐུན་གྲོགས་ཡིན་པ་མ་ཟད། རྒྱ་ནག་སྲིད་འཛིན་མའོ་ནས་ད་ལྟའི་བར་ཐོག་མར་བྱང་དང་དེ་ནས་ལྷོ་རུ་འཚམས་འདྲིར་བསྐྱོད་པའི་ལུགས་སྲོལ་ཡོད་ཀྱང་། ད་ལྟ་དེ་ལས་ཟློག་ཏེ་ཞི་ཅིན་ཕིང་གིས་སྲིད་དབང་འཛིན་པ་ནས་བཟུང་བྱང་ཀོ་རི་དང་རྒྱ་ནག་གི་འབྲེལ་ལམ་ཇེ་སྡུག་ཏུ་སོང་ཡོད་ལ། ད་ཐེངས་སྲིད་འཛིན་ཞི་ཅིན་ཕིང་ཐོག་མར་ལྷོ་རུ་མཚམས་གཟིགས་སུ་བསྐྱོད་པ་དེ་ནི་རྒྱ་ནག་གི་ཕྱི་འབྲེལ་ཐད་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་མཁན་ཡོད་པ་རེད།

དེ་བཞིན་ཉིན་གཉིས་པའི་ལྷོ་ཀོ་རི་ཡའི་འཚམས་གཟིགས་སྐབས། སྲིད་འཛིན་ཞི་ཅིན་ཕིང་རྒྱ་ནག་དང་ལྷོ་ཀོ་རི་ཡའི་ཚོང་དོན་གླེང་སྟེགས་ཐོག་མཉམ་ཞུགས་དང་། ལྷོ་ཀོ་རི་ཡའི་གྲོས་ཚོགས་སུ་ཕེབས་ཏེ་ཚོགས་གཙོ་དང་མཇལ་འཕྲད། དེ་བཞིན་སའོ་(Seoul) སློབ་ཆེན་དུ་གཏམ་བཤད་སོགས་སྤེལ་རྒྱུ་ཡིན་པ་རེད།

Share this:
༥༦ ཀློག་གྲངས།