སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཉི་ཧོང་ཏུ་འཚམས་གཟིགས་སུ་ཕེབས་པ།

ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༣ དགོང་མོ་ཆུ་ཚོད་ ༧ པའི་ཐོག་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་དང། སྤྱི་འཐུས་ཡེ་ཤེས་སྒྲོལ་མ། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་བཅས་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཉི་ཧོང་རྒྱལ་ཁབ་ཏུ་བསྐྱོད་དེ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་འགོ་བཙུགས་ཡོད།
Untitled-1ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་ཡང་ཕྱི་ཚེས་ ༤ སྔ་དྲོ་ཉི་ཧོང་ཆུ་ཚོད་ ༧ པའི་ཐོག་(རྒྱ་གར་ཆུ་ཚོད་སྔ་དྲོ་ ༣།༣༠)སྤྱི་འཐུས་རྣམས་ཉི་ཧོང་རྒྱལ་ས་ཊོབ་ཀྱོ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཏེ་ཉི་ཧོང་སྐུ་ཚབ་དོན་གཅོད་སྐུ་ངོ་ལུང་རྟོགས་ལགས་ཀྱིས་ཕེབས་བསུའི་འོག་རྒྱལ་སྲས་མགྲོན་ཁང་དུ་ཞུགས་པ་དང། དགོང་མོ་ཆུ་ཚོད་ ༧ པའི་ཐོག་རྣམ་ཀུན་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་གནང་མཁན་ཉི་ཧོང་བ་བདུན་ཅུ་ཙམ་དང་བོད་མི་ཁག་ཅིག་ལ་སྤྱི་འཐུས་གསུམ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཁག་རྒྱལ་ཁབ་ཁག་ཏུ་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་པའི་རྒྱབ་ལྗོངས་དགོས་དམིགས་དང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་འགན་དབང་སྙིང་བསྡུས་ངོ་སྤྲོད་གནང་བ་དང་འབྲེལ། དམིགས་བསལ་བོད་ནང་གི་ཛ་དྲག་གནས་སྟངས་དང། དབུ་མའི་ལམ་གྱི་དགོངས་དོན། རྒྱ་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབས་སོགས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད་པ་རེད།

ཚོགས་འདུ་དེར་མཉམ་ཞུགས་གནང་མཁན་ཉི་ཧོང་བ་རྣམས་ནི་དུས་རྒྱུན་དུ་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་གནང་མཁན་ཤ་སྟག་ཡིན་སྟབས། ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་སྤྱི་འཐུས་རྣམ་པ་གསུམ་ལ་བོད་རྒྱ་འབྲེལ་མོལ་གྱི་གནས་བབས་དང། བོད་ནང་གི་རང་ལུས་མེར་སྲེག་གི་ལས་འགུལ་བྱུང་བཞིན་པ་དེས་བོད་ཀྱི་གནད་དོན་ལ་ཕན་གནོད་ཇི་ཡོད། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་མཛད་འགན་ཡོངས་རྫོགས་མི་མང་གི་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་གནང་རྗེས་བོད་ནང་གི་གནས་སྟངས་ཤིང་ཅང་ནང་བཞིན་དྲག་པོའི་ངོ་བོར་འགྱུར་སྲིད་མིན། རྒྱ་ནག་གི་འགོ་འཁྲིད་གསར་པ་ཚོར་རེ་བ་ཇི་ལྟར་གནང་གི་ཡོད་པ། གཉིས་ཕན་དབུ་མའི་ལམ་ཞེས་པ་རྒྱ་མིར་གང་ཕན་གྱི་ཡོད་པ། ཉི་ཧོང་ནང་པ་དང་མི་སེར་ཚོས་བོད་དོན་ལ་དམིགས་བསལ་གང་གནང་དགོས་པའི་རེ་བ་ཡོད་པ་སོགས་དྲི་བ་འཚང་ཁ་ཤིག་ཤིག་བྱུང་བའི་རྐྱེན་གྱིས། ཆུ་ཚོད་གཅིག་དང་ཕྱེད་ཀའི་བགྲོ་གླེང་ཚོགས་འདུ་དེ་བཞིན་ཆུ་ཚོད་གསུམ་ཙམ་འགོར་དགོས་ཆགས་པ་དང། ཉི་ཧོང་མི་མང་ནས་དམིགས་བསལ་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་ཡོད་པའི་རྣམ་པ་གསལ་པོ་བསྟན་ཡོད་པ་རེད།

ཕྱི་ཟླ་ ༧ ཚེས་ ༥ སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྤྱི་འཐུས་རྣམ་པ་གསུམ་གྱིས་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གི་ཡིག་ཚང་དུ། ཉི་ཧོང་གྲོས་ཚོགས་འོག་མའི་འཐུས་མི་དང་ཉི་ཧོང་གི་དཔལ་འབྱོར་བློན་ཆེན་གཞོན་པ་ལོ་མང་གནང་མྱོང་མཁན། ཉི་ཧོང་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མ་བཙུགས་མཁན་མི་ལྔ་ཡོད་པའི་ཁོངས་སྐུ་ཞབས་མཱ་ཁེ་ནུ་སེན་ཤོངས་(Makino Seishu) མཆོག་དང། སྐུ་ཞབས་ཡེ་ག་ར་ཤེ་ཕུ་མེ་ཧི་ཀོ་(lgarashi fumihiko )མཆོག་རྣམ་གཉིས་དང་མཇལ་འཕྲད་ཀྱིས། ཁོང་གཉིས་ནས་ལོ་མང་རིང་བོད་དོན་ལ་ལྷག་བསམ་རྣམག་དག་གི་རྒྱབ་སྐྱོར་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཐུགས་རྗེ་ལེགས་འབུལ་མཚོན་བྱེད་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་ཤིག་ཀྱང་ཁོང་རྣམ་གཉིས་ལ་ཕུལ་ཡོད།

མཇལ་འཕྲད་ཐོག་ཕྱོགས་ཕན་ཚུན་གཉིས་ཀས་མ་འོངས་ལས་དོན་སྤེལ་ཕྱོགས་དང། ཉི་ཧོང་རྒྱལ་ཁབ་ནང་བོད་དོན་རྒྱབ་སྐྱོར་འཚོལ་ཕྱོགས། མ་འོངས་པ་ཡིན་ནའང་ཁོང་རྣམ་པ་གཉིས་ཀྱིས་མུ་མཐུད་བོད་དོན་ཐོག་རྒྱ་སྐྱོར་གནང་བའི་རེ་བ་སོགས་དང་འབྲེལ་བའི་སྐོར་བཀའ་མོལ་ལྷུག་པོ་བྱུང་བ་དང།  ཉིན་གུང་ཞལ་ལག་ཀྱང་མཉམ་བཞེས་གནང་སྟེ་སྤྱི་ཡོངས་སྐོར་བཀའ་མོལ་ཞིབ་ཚགས་བྱུང་ཡོད།

ཕྱི་དྲོ་ཆུ་ཚོད་ ༤ པ་ནས་ ༥ པའི་བར་རྒྱལ་ས་ཊོབ་ཀྱོའི་གྲགས་ཅན་མགྲོན་ཁང་ཨོ་ཀོ་ར་ཞེས་པའི་ནང་ཉི་ཧོང་ནང་པའི་སྐྱིད་སྡུག་གི་རྒྱུན་ལས་ཚོགས་མི་དགུ་དང་མཇལ་འཕྲད་ཀྱིས། ཉི་ཧོང་ནང་པའི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་ཇི་ལྟར་གནང་དགོས་པ་སོགས་དང་འབྲེལ་བའི་སྐོར་བཞུགས་མོལ་གནང་བ་དང།  ཆུ་ཚོད་ ༥ པ་ནས་ ༦ པའི་བར་མགྲོན་ཁང་དེ་ག་རང་གི་ནང་དུ་ཉི་ཧོང་གི་གྲགས་ཅན་ཆབ་སྲིད་དུས་དེབ་(SAPIO) ཀྱི་རྩོམ་སྒྲིག་པ་གསུམ་གྱི་བཅར་འདྲི་གནང་བར་ལན་འདེབས་ཞུས།

ཕྱི་ཚེས་ ༥ དགོང་མོ་ཆུ་ཚོད་ ༦ ནས་ ༨།༣༠ བར་མགྲོན་ཁང་དེའི་ཚོགས་ཁང་ཆེན་མོར། ཉི་ཧོང་སྐུ་ཚབ་དོན་གཅོད་ལས་ཁང་ནས་གོ་སྒྲིག་ཞུས་པའི་༸གོང་ས་མཆོག་གི་འཁྲུངས་སྐར་གྱི་གསོལ་སྟོན་མཛད་སྒོར་སྤྱི་འཐུས་རྣམ་པ་གསུམ་མཉམ་ཞུགས་གནང་སྟེ། ༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་གསོལ་མགྲོན་དུ་ཕེབས་པའི་ཉི་ཧོང་གནད་ཡོད་མི་སྣ་དང་བོད་མི་ ༡༥༠ ལྷག་ལ་སྤྱི་ཡོངས་བོད་ཀྱི་ཛ་དྲག་གནས་སྟངས། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས། དམིགས་བསལ་༸གོང་ས་མཆོག་གི་མཛད་འགན་གསུམ་ངོ་སྤྲོད་དང་འབྲེལ་བའི་སྐོར་གསུང་བཤད་གནང་བ་མ་ཟད། གསོལ་སྟོན་དང་མཉམ་དུ་འབྲེལ་ཡོད་མི་སྣ་མང་པོ་མཇལ་འཕྲད་ཀྱིས་ཕན་ཚུལ་བགྲོ་གླེང་གནང་ཡོད་པ་རེད།།

Share this:
༡༧༥ ཀློག་གྲངས།