༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི།

ཟླ་འདིའི་ཚེས་༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༢ པའི་ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་གཞི་བྱས་པའི་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭའི་གོ་སྒྲིག་འོག ༧གོང་ས་མཆོག་དགུང་གྲངས་༧༩ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མཁན་ཟུར་རྗེ་བཙུན་དཀོན་མཆོག་ཚེ་རིང་དང་དམིགས་བསལ་སྐུ་མགྲོན་ས་གནས་འགོ་འཛིན་ལས་ཚབ་ལས་དྲུང་བསྟན་འཛིན་མཆོག་ལྡན།  ས་འཐུས་ཚོགས་གཞོན་དགེ་བཤེས་རྣམས་རྒྱལ་རྒྱལ་མཚན་གཉིས་ཀྱི་གཙོས་གཞིས་གྲོང་དང་དགོན་སྡེ་གྲྭ་ཚང་ཁག་གི་ཕྱག་མཛོད་དང་སྤྱི་མི་རྣམ་པ་དང་། དགའ་ཤར་གྲྭ་ཚང་གི་རྒྱལ་སྲས་བླ་སྤྲུལ་དང་བཀའ་རབས་འབྱམས་དགེ་བའི་བཤེས་གཉེན་རྣམ་པ།  དགའ་ཤར་གྲྭ་ཚང་གི་བསྟན་པའི་སྤྱིན་བདག་ལྕམ་སྐུ་མཱེ་ཤིང་ དང་དགེ་སློབ་ཡོངས་བཅས་མཛད་སྒོར་མཉམ་བྱས་ཡོད་པ་རེད།

gasharདེ་ཡང་ཐོག་མར་ཐོག་མར་སྐུ་མགྲོན་རྣམས་པས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་རྟེན་གསུམ་འདེགས་འབུལ་དང་མཇལ་དར་བསྒྲོན་འབུལ་སྐུ་པར་མདུན་སྣང་གསལ་མར་མེ་ཞལ་འབྱེད་གནང་རྗེས།  བོད་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་བཏང་རྗེས་བདེན་ཚིག་སྨོན་ལམ་དབྱངས་གནང་བ་སོགས་ཀྱི་ལས་རིམ་གྲུབ་པ་དང་འབྲེལ་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་མཁན་ཟུར་རྗེ་མཙུན་དཀོན་མཆོག་ཚེ་རིང་མཆོག་གིས་དགའ་ཤར་སློབ་གཉེར་ལྷན་ཚོགས་སྐབས་དགུ་པས་འདོན་འགྲེམ་གནང་བའི་༼རྗེའི་གསུང་ལེགས་བཤད་སྙིང་པོའི་སེམས་ཙམ་པའི་དྲང་ངེས་བགྲོ་གླེང་དྲིས་ལན་ཕྱོགས་བསྡུས༽ ཞེས་པའི་དཔེ་དེབ་དབུ་འབྱེད་དང་།  དམིགས་བསལ་སྐུ་མགྲོན་དགའ་ཤར་གྲྭ་ཚང་གི་བསྟན་པའི་སྦྱིན་བདག་ལྕམ་སྐུ་མཱེ་ཤིང་མཆོག་གིས་དགའ་ཤར་ཐོས་བསམ་ནོར་གླིང་སློབ་གྲྭས་འདོན་འགྲེམ་གནང་བའི་དཔེ་དེབ་༼བྱམས་བརྩེའི་འོད་སྣང་༽ དང་དགའ་ཤར་སློབ་གྲྭའི་དྲྭ་རྒྱ་བཅས་དབུ་འབྱེད་གནང་གྲུབ་རྗེས།

དགའ་ཤར་སློབ་ཕྲུག་རྣམས་ཀྱི་སྐུ་ཚབ་དགེ་ཚུལ་གྲགས་པ་ཕྱོགས་གླང་གིས་དབྱིན་སྐད་ཐོག་༧གོང་ས་མཆོག་གི་རྣམ་ཐར་མདོར་བསྡུས་ཤིག་སྒྲོགས་སྦྱང་གནང་རྗེས།  དགའ་ཤར་སློབ་གྲྭའི་སློབ་སྤྱིདགེ་བཤེས་རྒྱལ་མཚན་དབང་འདུས་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་དང་འབྲེལ་བའི་གསུང་བཤད་གནང་སྐབས་༧གོང་ས་མཆོག་གི་ཁོང་གི་སྐྱེས་སྐར་གྱི་ལག་རྟགས་ཡག་ཤོག་དེ་སེམས་པ་བཟང་པོ་བྱེད་རྒྱུ་དེ་ཡིན་ཞེས་བཀའ་སློབ་བཀའ་དྲིན་བསྩལ་ཡོད་སྐོར་སོགས་འགྲེལ་བརྗོད་གནང་གྲུབ་པ་དང་ས་གནས་འགོ་འཛིན་ལས་ཚབ་ཀྱིས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་འབྲེལ་བའི་གསུང་བཤད་གནང་།

དགའ་ཤར་གྲྭ་ཚང་གི་ཁྲིམས་བདག་དགེ་སྐོས་དགེ་བཤེས་བློ་བཟང་རྣམ་རྒྱལ་གྱིས་༧གོང་ས་མཆོག་གི་སྐུ་ཚེ་ཧྲིལ་པོ་མཛད་པ་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་རྗེས། དགའ་ཤར་གྲྭ་ཚང་གི་བསྟན་པའི་སྤྱིན་བདག་ལྕམ་སྐུ་མཱེ་ཤང་ལ་བཙན་བྱོལ་སྤྱི་དང་བྱེ་བྲག་དགའ་ཤར་སློབ་གྲྭའི་ཤེས་ཡོན་ཐོག་ཞབས་ཞུ་གཟེངས་སུ་ཐོན་པ་ཞུས་དང་ཞུ་བཞིན་ཡོད་པར་ཕུལ་བྱུང་གི་གཟེངས་རྟགས་ཤིག་མོན་གྷོ་ས་གནས་འགོ་འཛིན་གྱི་ལས་ཚབ་ཀྱིས་ཕྱག་བརྒྱུད་ནས་ཕུལ་གནང་བ་སོགས་ཀྱི་ལས་རིམ་ཡོངས་གྲུབ་རྗེས་༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཤེས་སྨོན་བཅས་ཀྱི་མཐའ་བརྒྱན་ནས་ཉིན་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།།
ལྷོ་ཕྱོགས་གསར་འགོད་པས།

Share this:
༡༣༣ ཀློག་གྲངས།