ཉི་ཧོང་དུ་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ་བཞིན་འདུག

ཟླ་འདིའི་ཕྱི་ཚེས་༤ ཉིན་ནས་ཉི་ཧོང་དུ་ཕེབས་པའི་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་དང། སྤྱི་འཐུས་ཡེ་ཤེས་སྒྲོལ་མ། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་བཅས་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་མུ་མཐུད་ཉི་ཧོང་རྒྱལ་ཁབ་ཏུ་དབུས་གྲོས་ཚོགས་ཀྱི་འཐུས་མི་དང། ས་གནས་གྲོས་ཚོགས་འཐུས་མི་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།
ཉི་ཧོང་བོད་མི་སྐུ་ཚབ་དོན་གཅོད་ནས་གནས་ཚུལ་བཏང་བ་ལྟར་ན། དེ་ཡང་ཉི་ཧོང་གི་གྲོང་ཁྱེར་ཆེ་ཤོས་གཉིས་པ་དང་ཚོང་གི་གྲོང་ཁྱེར་བསྟི་གནས་ཨོ་སར་ཀའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གདན་འདྲེན་སྣེ་ལེན་གནང་བ་ལྟར། སྤྱི་འཐུས་རྣམ་པ་གསུམ་ཉི་ཧོང་སྐུ་ཚབ་དོན་གཅོད་ལུང་རྟོགས་དང་མཉམ་དུ། ཕྱི་ཚེས་ ༧ ཉིཌ་ཧོང་རྒྱལ་ས་ཊོབ་ཀྱོ་ནས་ཨོ་ས་ཀར་འབྱོར་ཏེ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཧེ་རོ་ཨ་ཀེ་ཧེ་ར་ཨོ་ཀས་ཕེབས་བསུ་ཞུས་ཡོད་པ་རེད། དེར་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧི་ར་ཨོ་ཀ་ཧི་དི་ནོ་བུ་དང་མཇལ་འཕྲད་གནང་སྟེ། ཁོང་དང་ཁོང་གི་ནང་མི་ཚང་མས་ལོ་མང་རིང་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་བའི་ཕྱག་རྟགས་དང་མཇལ་དར་ཕུལ་བ་མ་ཟད། མ་འོངས་པ་ཡིན་ནའང་མུ་མཐུད་རྒྱབ་སྐྱོར་གནང་བའི་རེ་བསྐུལ་དང་བཅས་ཕན་ཚུན་གླེང་མོལ་ལྷུག་པོ་བྱུང་ཡོད་པ་རེད། (ཁོང་ནི་མི་ཚེ་གང་པོ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན། ཉི་ཧོང་དུ་སྐད་གྲགས་ཅན་གྱི་སྒེར་གཉེར་སློབ་གྲྭ་སེན་པན་ཀ་གོན་སློབ་གྲྭ་གསར་འཛུགས་གནང་མཁན་དང་། ད་ལྟ་དགུང་གྲངས་ ༨༥ ལ་ཕེབས་ཡོད་པ་རེད།)

བགྲོ་གླེང་རྗེས་དེབ་ཆུང་བསྣམས་ཏེ་སྐུ་པར་སྒྲོན་པའི་ཟུར་ཞིག (མདུན་གྲས་ཚང་མ་གྲོས་ཚོགས་འཐུས་མི་ཡིན།)
བགྲོ་གླེང་རྗེས་དེབ་ཆུང་བསྣམས་ཏེ་སྐུ་པར་སྒྲོན་པའི་ཟུར་ཞིག (མདུན་གྲས་ཚང་མ་གྲོས་ཚོགས་འཐུས་མི་ཡིན།)

ཉིན་དེའི་ཕྱི་དྲོ་ཨོ་ས་ཀ་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་འོག་ཉི་ཧོང་དབུས་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ཁྲང་ཝེ་མཆོག་དང། (ཁོང་ནི་ད་ལྟ་གྲོས་ཚོགས་འཐུས་མི་ཟུར་པ་ཡིན་ཀྱང་མི་འཇོན་ཐང་ཅན་ཞིག་ཡིན་སྟབས། མ་འོངས་པར་བསྐྱར་དུ་སྤྱི་འཐུས་ཆགས་ངེས་ལ་ངོས་འཛིན་གནང་གི་འདུག) ཉི་ཧོང་དབུས་གྲོས་ཚོགས་འོག་མའི་འཐུས་མི་གསུམ། ཨོ་ས་ཀའི་ས་ཁུལ་ཁག་གི་གྲོས་ཚོགས་འཐུས་མི་༡༦ བཅས་མཉམ་དུ་བཞུགས་མོལ་ཚོགས་འདུ་འཚོགས་སྟེ། བགྲོ་གླེང་ཚོགས་འདུའི་ཐོག་སྤྱི་འཐུས་རྣམ་པ་གསུམ་ནས་སྤྱི་ཡོངས་བོད་ཀྱི་ཛ་དྲག་གནས་སྟངས་དང། མ་འོངས་བོད་ཀྱི་གནད་དོན་སེལ་ཕྱོགས་དབུ་མའི་ལམ་གྱི་དགོངས་དོན། བོད་མིའི་སྒྲིག་འཛུགས་གཞུང་ངོ་སྤྲོད་སྙིང་བསྡུས་དང་བཅས། ཉི་ཧོང་གཞུང་མང་གཉིས་ནས་བོད་དོན་ཐོག་སྔར་བས་རྒྱབ་སྐྱོར་གནང་བའི་རེ་བ་སོགས་གསལ་བཤད་ཞུས་རྗེས། འབྲེལ་ཡོད་ཉི་ཧོང་གི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་སོ་སོའི་དགོངས་ཚུལ་དང། དོགས་འདྲི་སོགས་བགྲོ་གླེང་བྱས་པ་དང་། ཁོང་རྣམ་པས་བོད་དོན་ལ་རྒྱབ་སྐྱོར་དང་དོ་སྣང་ཤུགས་ཆེ་ཡོད་པའི་རྣམ་པ་གསལ་པོ་བསྟན་ཡོད་པ་རེད།

བགྲོ་གླེང་ཚོགས་འདུའི་བར་འཚམས་སུ་ཨོ་ས་ཀའི་ཁྱབ་འོག་པཱ་ཝེ་ཞེས་པའི་གྲོང་ཁྱེར་(མི་འབོར་གཉིས་འབུམ་བརྒྱད་ཁྲི་ཙམ་ཡོད་འདུག )གྱི་སྤྱི་ཁྱབ་སྐུ་ཞབས་ཐེམ་ཀྲུང་ཁྲིན་ཐའེ་ ཀྱང་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་གནང་བ་མ་ཟད། བགྲོ་གླེང་རྗེས་བོད་མི་མང་སྤྱི་འཐུས་རྣམ་པ་དང་ངོ་སྤྲོད་གནང་རེས་དང། ཕན་ཚུན་མིང་བྱང་བརྗེ་རེས། མཉམ་དུ་སྐུ་པར་སྒྲོན་པ་བཅས་མཛའ་བརྩེ་དང་དགའ་བསུའི་རྣམ་པ་ཤུགས་ཆེ་བསྟན་ཡོད་པ་རེད།

སྤྱི་འཐུས་རྣམས་སྐུ་ཞབས་ཧི་ར་ཨོ་ཀ་ཧི་དི་ནོ་བུ་མཆོག་དང་ཁོང་གི་བུ་ཆེ་བ་ལྷན་དུ།
སྤྱི་འཐུས་རྣམས་སྐུ་ཞབས་ཧི་ར་ཨོ་ཀ་ཧི་དི་ནོ་བུ་མཆོག་དང་ཁོང་གི་བུ་ཆེ་བ་ལྷན་དུ།

ཉིད་དེའི་དགོང་མོ་ཨོ་ས་ཀ་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག གོང་གསལ་དབུས་ས་གཉིས་ཀྱི་སྤྱི་འཐུས་རྣམ་པ་མཉམ་ཞུགས་ཐོག་རྣམ་ཀུན་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་གནང་མཁན། ཉམས་ཞིབ་པ། གསར་འགོད་པ་སོགས་མི་གྲངས་ ༣༠༠ ལྷག་ལ་སྤྱི་འཐུས་རྣམ་པ་གསུམ་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཉི་ཧོང་དུ་ཞུ་གཏུག་ལས་འགུལ་སྤེལ་དགོས་པའི་དགོས་དམིགས་ཁག་ངོ་སྤྲོད་དང་། དོགས་འདྲི་ཕེབས་པ་ཁག་ལ་ལན་འདེབས་གསལ་བཤད་ཞིབ་ཅིང་ཕྲ་བ་གནང་བ་དང།  མཐའ་མཇུག་ཚོགས་ཞུགས་བ་ཚང་མས་བོད་དོན་དྲིལ་བསྒྲགས་ཀྱི་དེབ་ཆུང་ཕྱག་ཏུ་འཆང་སྟེ་མཉམ་པར་སྒྲོན་པ་མ་ཟད། གཙོ་སྐྱོང་བས་གལ་སྲིད་རྒྱ་ནག་དང་ཚོང་འབྲེལ་ཡོད་ན་གདོང་པ་སྦས་རོགས་ཞེས་འབོད་བསྐུལ་ཞུས་ཀྱང་གདོང་པ་སྦས་མཁན་གཅིག་ཀྱང་བྱུང་མེད་ལ། ཚོགས་འདུ་གོ་སྒྲིག་གནང་མཁན་ནས་སྤྱི་འཐུས་རྣམ་པ་གསུམ་ལ་གུས་བརྩི་དང་མཛའ་བརྩེ་མཚོན་བྱེད་དུ་མེ་ཏོག་རེ་ཕུལ་ཡོད་པ་རེད།

ཐེངས་འདིའི་ཉི་ཧོང་གི་བགྲོ་གླེང་ཚོགས་འདུའི་མི་ཚོགས་འཛོམས་ཚད་ནི་༸གོང་ས་མཆོག་གི་ཆིབས་བསྒྱུར་ཕུད་པའི་བོད་དོན་སྐོར་ལ་མི་འཛོམས་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ཕྱི་ཚེས་ ༨ སྔ་དྲོར་སྤྱི་འཐུས་རྣམ་པ་གསུམ་ཨོ་ས་ཀའི་རྒྱལ་ཁང་དུ་ཁྱུག་ཙམ་གནས་གཟིགས་འཁྲིད་པ་དང། ཆུ་ཚོད་ ༡༡ ཐོག་ཨོ་ས་ཀ་ནས་གྱེས་ཐོན་གྱིས་ཉི་ཧོང་རྒྱལ་སར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དང། གནད་ཡོད་མི་སྣ་ཁག་ལ་མཇལ་འཕྲད་ཞུས་ཏེ་བོད་དོན་ཞུ་གཏུག་གི་ལས་འགུལ་མུ་མཐུད་སྤེལ་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་རྣམ་པ་གསུམ་ཨོ་ས་ཀའི་ཕྱོགས་སུ་གདན་འདྲེན་གནང་མཁན་སྐུ་ཞབས་ཧི་ར་ཨོ་ཀ་ཧི་དི་ནོ་བུའི་ནང་མི་ནི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་སྦྱིན་བདག་གཙོ་བོ་ཡིན་ཞིང། ཁོང་གི་བུ་ཆེ་བ་ཧི་ར་ཨོ་ཀ་ཀོ་ཨི་ཅི་ནི་སྒེར་གཉེར་སློབ་གྲྭ་དེའི་སློབ་སྤྱི་དང། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་བསྒྱུར་ཡང་ཡིན་པ་རེད། བུ་ཆུང་བ་ཧི་ར་ཨོ་ཀ་ཧི་རོ་ཨ་ཀི་ནི་སློབ་གྲྭ་དེའི་སློབ་སྤྱི་གཞོན་པ་དང། ཨོ་སར་ཀའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་མཁན་དང་ཚོགས་གཙོའང་ཡིན་པས་ཨོ་ས་ཀ་ཕྱོགས་ཀྱི་འགྲོ་སོང་ཡོངས་རྫོགས་ཁོང་རྣམ་པས་བཏང་ཡོད་པ་རེད།།

Share this:
༡༤༡ ཀློག་གྲངས།