དབྱེ་འབྱེད་མང་ན་གཅིག་སྒྲིལ་མེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་   ༤༩༨   ཕྱི་ལོ་ ༢༠༡༤/༧/༩
འཐབ་རྩོད་ཀྱི་ལངས་ཕྱོགས་མི་གཅིག་ན་སྤྱི་ཚོགས་ཞབས་ཞུ་ཡང་བསྒྲུབ་མི་ཆོག་གམ།
ཕྱི་ལོ་༢༠༡༣ ལོར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་ཅུང་ཙམ་རེ་མི་འདྲ་བ་ཡོད་པ་རྒྱུ་མཚན་དུ་བྱས་ནས་རྩོད་གླེང་མང་པོ་བྱུང་ཡོད་པ་དང། མངོན་གསལ་དེ་ཙམ་མེད་པའི་ཐོག་ནས་བཙན་བྱོལ་སྤྱི་ཚོགས་དེ་ཅུང་ཁ་འཐོར་དུ་གྱུར་འགོ་ཚུགས་སོང། ཕྱོགས་སོ་སོ་ནས་མངོན་ལྐོག་གང་རུང་ནས་ཁ་རྡུང་གཏོང་མཁན་དང། ཁག་ཅིག་མདུན་དུ་ཐོན་ནས་ཁ་གཏད་གཅོག་རེས་ཀྱང་བྱས་ཡོད། ལོ་དེར་བཙན་བྱོལ་ནང་རང་བཙན་གྱི་ལངས་ཕྱོགས་མཁྲེགས་ཤོས་སུ་འབོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱང་དུམ་བུ་གཉིས་སུ་གྱུར་ཡོད་པ་མ་ཟད། དེ་ནས་བཟུང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མཚན་མཐོང་དང་གཟི་བརྗིད་ཀྱང་སྤྱི་ཚོགས་ནང་ཉམས་འགོ་ཚུགས་སོང། རྒྱུན་ལས་གསར་པ་སླེབས་པའི་རྗེས་སུ་ལས་འགུལ་ཆེ་ཤོས་ཤིག་སྤེལ་བ་ནི་དྷ་ས་ནས་ལྡི་ལི་བར་གྱི་གོམ་བགྲོད་དེ་ཡིན་ཡང་དེའི་དགོས་འདུན་ནང་གཞོན་ལྷན་གྱི་རྩ་དོན་དུ་གྱུར་པའི་རང་བཙན་ཞེས་པའི་ཚིག་དེ་གཏན་ནས་མཐོང་རྒྱུ་མེད།

རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བོད་མིའི་གཞིས་ཆགས་ཆེ་ཤོས་ལྔའི་ས་གནས་གཞོན་ལྷན་ཁག་དང། བྷེང་ལོར་གྲོང་ཁྱེར་དུ་ཡོད་པའི་ས་གནས་གཞོན་ནུ། དེ་བཞིན་ལ་དྭགས་དང། ཌལ་ཧོར་སོགས་ས་གནས་ཁག་ཅིག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་ལམ་དབུ་མར་བསྒྱུར་དགོས་པའི་བསམ་ཚུལ་བཏོན་པ་མ་ཟད། གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་མང་མོས་ཀྱི་ཐོག་ནས་རང་བཙན་དུ་སོར་གནས་བྱ་རྒྱུའི་ཐག་གཅོད་ལ་མོས་མཐུན་མ་བྱས་པར་གཞོན་ལྷན་གྱི་ཁོངས་ནས་གོང་གསལ་ས་གནས་ཁག་སོགས་ཕྱིར་འཐེན་བྱས་པ་རེད། བོད་པའི་སྤྱི་ཚོགས་ནང་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་རེ་བ་རྒྱག་ཡུལ་གཅིག་པུར་གྱུར་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱང་མིང་ཙམ་ལས་དོན་དུ་སྒྲིག་འཛུགས་ཀྱི་གནས་སྟངས་ཀྱང་སྲ་བརྟན་མེད་པ་ལྟ་བུའི་འགོ་ཚུགས་ཤིང། གནད་དོན་འདི་བརྒྱུད་ནས་མ་འོངས་པར་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་ཀྱང་མེ་རང་ཤི་དང་དུ་བ་རང་ཡལ་དུ་འགྲོ་ངེས་ལྟ་བུའི་མུན་ནག་གི་ལེའུ་ཞིག་འགོ་བཙུགས་པ་རེད།

འོན་ཀྱང་ལོ་འདིར་ལོ་སྔོན་མའི་གླེང་གཞི་དེར་ཅུང་ཙམ་འགྱུར་བ་སོང་ཡོད་པ་ལྟ་བུར་མངོན་ཡང། ཉེ་བའི་ཆར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང། ད་ལྟ་སྩོལ་བཞིན་པའི་དུས་འཁོར་དབང་ཆེན་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས། “༡༽ ༧གོང་ས་མཆོག་གི་སྐུ་ཕྱའི་སྲུང་སྐྱོབ་དང་། ༢༽ ལུས་བཤེར། ༣༽ གསུང་རའི་ནང་གཙང་བཟོ། ༤༽ གསལ་བསྒྲགས་ཁང་། ༥༽ འབབ་ཚུགས་ཁག་ཏུ་སྣེ་ལེན། ༦༽ ནད་པར་རོགས་རམ། ༧༽ ཚེ་འདས་རིགས་བྱུང་ཚེ་སྐུ་ཕུང་མེར་སྲེག་བཅས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་སྒྲུབ་རྒྱུར་འདི་ག་གཞོན་ལྷན་དབུས་རྒྱུན་ནས་ཐག་གཅོད་བྱུང་བ་ལྟར་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་ཚགས་ཚུད་ཡོང་སླད་འབྲེལ་ཡོད་༧དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་དབུས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལྷན་ཁང་དང་། བདེ་སྲུང་ལྷན་ཁང་། དེ་བཞིན་དུས་དབང་སྦྱིན་བདག་གམ་གོ་སྒྲིག་པ་ལ་དྭགས་ནང་པའི་ཚོགས་པ་དང་། དགོན་པའི་ཚོགས་པ། ཀོང་པོ་གཞིས་བྱེས་དུས་དབང་གོ་སྒྲིག་ཚོགས་པ། ཇོ་ནང་དུས་དབང་གོ་སྒྲིག་ཚོགས་པ་ཁག་སོ་སོར་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཞུ་སྒོ་ཁག་དང་འབྲེལ་བའི་སྙན་ཞུ་ཞིག་འབུལ་ལམ་ཞུས་”ཞེས་དང་།

“སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༣ པ་ལ་དྭགས་སུ་སྩོལ་སྐབས་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་སྒྲུབ་ཐབས་མེད་པར་དགོངས་སེལ་ཞུ་”ཞེས་སོགས་དང་བླངས་སྤྱི་ཚོགས་ཞབས་ཞུ་སྒྲུབ་ས་མ་རག་པའི་གནས་ཚུལ་འཁོད་པའི་གསལ་བསྒྲགས་དེ་མཐོང་སྐབས་ཅུང་ཙམ་ཧང་སངས་སོང། ད་བར་དུས་འཁོར་དབང་ཆེན་སྔ་རྗེས་ཀྱི་སྐབས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་བསྒྲུབས་ཡོད་པ་ནི། ཆོས་ཞུ་བ་ཡོངས་ཀྱི་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར་ཡོད་པ་དང། ད་ལྟའི་ཆར་ཡང་སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་དེ་རང་བཙན་སླར་གསོའི་ལངས་ཕྱོགས་ཡོད་པ་ཙམ་གྱིས་མི་འགྲིག་པ་ཞིག་ཨེ་ཡིན་སྙམ་ཡང། སྦེལ་ཀོབ་ས་གནས་ཀྱི་གཞོན་ནུའི་ཚོགས་གཙོ་ཚེ་རིང་ལྷ་སྐྱབས་ཟེར་བ་སོགས་ཀྱིས་ལ་དྭགས་སུ་སྤྱི་ཚོགས་ཞབས་ཞུའི་ཆེད་སླེབས་ཡོད་ཅེས་བརྒྱུད་ལམ་ཁག་ཅིག་ཏུ་སྐད་གྲགས་ཆེན་པོར་གྱུར་པ་འདི་ལ་བལྟས་ན་ལངས་ཕྱོགས་ཀྱི་ཐོག་ནས་ཡིན་པ་གསལ་པོར་གྱུར་འདུག

བོད་གཞིས་བྱེས་གཉིས་ཀྱི་འབོད་སྒྲ་“གཅིག་སྒྲིལ་”ཞེས་པ་དེ་ཕྱོགས་གཅིག་ཁོ་ན་ལས་ཕྱོགས་གཅིག་ནས་བསམ་བློ་གཏན་ནས་གཏོང་མི་དགོས་པར་གཅིག་སྒྲིལ་ཡོང་ཐུབ་པ་ཞིག་ཀྱང་མིན། འདྲ་མཉམ་དང། གཅིག་སྒྲིལ། མཉམ་གནས་ཞེས་པ་འདི་ཚོ་ཁ་ཙམ་དང་དགྲ་བོ་རྒྱ་དམར་ལ་འཛིན་པའི་སྲིད་བྱུས་ཤིག་ལས་བོད་པ་ནང་ཁུལ་དུ་མི་དགོས་པ་ཞིག་ཀྱང་ཡིན་མི་སྲིད་ལ། དབྱེ་བ་འབྱེད་རྒྱུ་དང་དཀར་འདེད་ནག་འདེད་བྱེད་རྒྱུ་མང་དྲགས་སོང་ན་རིམ་བཞིན་སྤྱི་ཚོགས་ནང་དཀའ་ངལ་མང་པོ་འཕྲད་རྒྱུ་ཡིན་པའང་ད་ལྟའི་གནས་སྟངས་རེ་ཟུང་གི་ཐོག་ནས་ར་སྤྲོད་བྱེད་ཐུབ་པ་ཞིག་རེད། གཞན་ཡང་ད་ལན་དུས་དབང་གི་སྐབས་འདིར་ལ་དྭགས་ས་གནས་འགོ་འཛིན་ལའང་འགན་ཁུར་གང་ཡང་མེད་པ་བཟོ་རྒྱུ་ལྟ་བུའི་འཆར་གཞི་ཞིག་ཡོད་ཚུལ་འདུག་པའི་དམིགས་ཡུལ་ཡང་ཤེས་རྟོགས་དཀའ་བ་ཞིག་ཏུ་གྱུར་འདུག།མདོར་ན་མི་རེ་ཟུང་གིས་ལས་དོན་འདི་དག་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཡིན་ཞེས་བརྗོད་སྲིད་ཀྱང། དུས་ཀུན་༧གོང་ས་མཆོག་གིས་བཀའ་སློབ་ཕེབས་པ་ཁག་དང་རྒྱབ་འགལ་དུ་གྱུར་ཡོད།།

Share this:
༧༢ ཀློག་གྲངས།