ཡུ་རོབ་ཀྱི་སྐྱབས་བཅོལ་ཁྲིམས་ལ་འགྱུར་སོང་འདུག

ཡུ་རོབ་ནང་ཁྲིམས་ཀྱི་གནས་བབ་ལ་འགྱུར་བ་ཕྱིན་པར་བརྟེན་བོད་མི་སྐྱབས་བཅོལ་ཞུ་མཁན་བརྒྱ་ཕྲག་མང་པོར་དཀའ་སྡུག་ཆེན་པོ་འཕྲད་བཞིན་པ་དང་། ཁོང་ཚོས་སྐྱབས་བཅོལ་བའི་ཁྲིམས་ལ་འགྱུར་བ་སོང་ཡོད་སྐོར་ཡུ་རོབ་བོད་མི་མང་སྤྱི་འཐུས་གཉིས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།

སྦར་སེ་ལོ་ཎ་དང་ཛུ་རིཀ་ནས་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༨ ཉིན་ཡུ་རོབ་སྤྱི་འཐུས་རྣམ་གཉིས་ཀྱིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་གསལ། ཡུ་རོབ་ནང་ཁྲིམས་ཀྱི་གནས་བབ་ལ་འགྱུར་བ་ཕྱིན་པར་བརྟེན་བོད་མི་སྐྱབས་བཅོལ་ཞུ་ མཁན་བརྒྱ་ཕྲག་མང་པོར་དཀའ་སྡུག་ཆེན་པོ་འཕྲད་དང་འཕྲད་བཞིན་པ། ཡུ་རོབ་ཡུལ་གྲུ་སྦེལ་ཇེམ་དང་སུད་སིའི་ནང་ཁྲིམས་ལུགས་ཀྱི་གནས་སྟངས་ལ་འགྱུར་ བ་ཕྱིན་པར་བརྟེན་བོད་མི་སྐྱབས་བཅོལ་ཞུ་མཁན་ཚོའི་གནས་བབ་དེང་སང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པས་བོད་མི་སུ་ཞིག་ཡུ་རོབ་ལ་མ་ཐོན་གོང་རྒྱལ་ཁབ་ཀྱི་ཁྲིམས་ ལུགས་གནས་སྟངས་ཇི་མ་ཇི་བཞིན་ཤེས་རྟོགས་ཐར་ཕྱིན་པ་མ་བྱས་ན་ཡུ་རོབ་ཡུལ་གྲུ་ ཞིག་ལ་འབྱོར་དུས་བསམ་ཡུལ་ལས་འདས་པའི་དཀའ་ངལ་འཕྲད་རྒྱུའི་སེམས་འཚབ་ཆེན་པོ་ཡོང་གི་འདུག་ཅེས་ཡུ་རོབ་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་དང་ཐུབ་བསྟན་དབང་ཆེན་ལགས་རྣམ་གཉིས་ཀྱིས་འགྲེལ་བརྗོད་གནང་འདུག དེ་ཡང་ཉེ་ཆར་སུད་སིའི་འཛིན་སྐྱོང་དང་འབྲེལ་བའི་ཁྲིམས་ཁང་མཐོ་ཤོས་ཀྱིས་བོད་མི་སྐྱབས་བཅོལ་ཞུ་མཁན་ལ་གཞི་རྩའི་ཁྲིམས་གཅོད་བྱེད་ཕྱོགས་སྐོར་ཐག་གཅོད་གནང་བ་དེས་བོད་མི་སྐྱབས་བཅོལ་ཞུ་མཁན་གྱི་གནས་བབ་ཆེས་སྡུག་ཏུ་ཕྱིན་འདུག

ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༠ ཉིན་ངོས་འཛིན་ལག་འཁྱེར་མེད་པ་དང་། སྐད་སྒྲ་དང་ཤོད་སྟངས་ལ་ཞིབ་འཇུག་བྱེད་དུས་བོད་ཀྱི་ཕྱི་ལོགས་ལ་འཚར་ལོངས་བྱས་པའི་རྟགས་མཚན་གསལ་པོ་ཡོད་པའི་སྐྱབས་བཅོལ་ཞུ་མཁན་བོད་པའི་མི་རིགས་ཤིག་ལ་ཕྱི་ལོ་ ༡༩༥༡  ལོར་མཉམ་སྤྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་གནང་བའི་སྐྱབས་བཅོལ་གྱི་གནས་བབས་ཀྱི་མཐུན་གྲོས་ Convention on the Status of Refugees  གཞིར་བཟུང་གི་སྐྱབས་བཅོལ་ངོས་ལེན་ཞུ་ཐུབ་དང་ཞུ་མི་ཐུབ་པའི་ཐག་གཅོད་གནང་སྐབས་ཁྲིམས་ཁང་དེས་ཁོ་པའི་སྐྱབས་བཅོལ་སྙན་ཞུ་དེར་གནང་བ་མ་གནང་ནས་ཁོ་པ་སྐྱབས་བཅོལ་བར་ཁས་མ་བླང་པའི་ཐོག་སུད་སིར་ཁྲིམས་མཐུན་ངང་བཅའ་སྡོད་ཆོག་པའི་ཐོབ་ཐང་མི་སྤྲོད་རྒྱུའི་ཐག་གཅོད་གནང་འདུག

དེ་བཞིན་སྦེལ་ཇེམ་གྱི་སྐྱབས་བཅོལ་དང་རྒྱལ་ཁབ་མེད་པའི་མི་སྣའི་བློན་ཆེན་གྱིས་ཀྱང་ཕྱི་ལོ་ ༢༠༡༤ ལོ་འགོ་ནས་བཟུང་ Refusal of Recognition of Refugee Status and Refusal to Grant Subsidiary Protection Status སྐྱབས་བཅོལ་གྱི་གནས་བབས་དང་། དེའི་རིམ་པ་འོག་མའི་༼ཁ་སྐོང་གི༽སྲུང་སྐྱོབ་ཁས་ལེན་མི་བྱ་རྒྱུའི་གཏན་འབེབས་ཐག་གཅོད་ཐེངས་ཁ་ཤས་སྤེལ་འགྲེམས་གནང་འདུག སྦེལ་ཇེམ་གཞུང་གི་འབྲེལ་ཡོད་མི་སྣས་ཆེད་དམིགས་ཀྱིས་གསུངས་པར་རྒྱ་གར་ལ་བཅའ་སྡོད་ཀྱི་བོད་མི་ཚོར་ངོས་འཛིན་ལག་འཁྱེར་ཐོབ་ཐང་ཡོད་པ་དང་།  རྒྱ་གར་གཞུང་གིས་བོད་དམ་རྒྱ་ནག་གང་རུང་ལ་ཕྱིར་སློག་མི་གནང་བ་སོགས་ཆེས་མཐོའི་སྲུང་སྐྱོབ་གནང་གི་ཡོད། དེ་འདྲའི་གཏན་འབེབས་ཐག་གཅོད་ལ་བརྟེན་སྦེལ་ཇེམ་དང་སུད་སིའི་ནང་སྐྱབས་བཅོལ་ཞུ་མཁན་གྱི་བོད་མིར་སྐྱབས་བཅོལ་གྱི་ཐོབ་ཐང་ཕར་བཞག་བཅའ་སྡོད་ཆོག་པའི་སྔོན་འགྲོའི་ཡིག་ཆ་མ་རག་མཁན་མང་ནས་མང་དུ་འགྲོ་བཞིན་པ་རེད།  ཁོང་ཚོར་བཅའ་སྡོད་ཐོབ་ཐང་མ་ཐོབ་པས་ཁོང་ཚོ་ནི་༼ཡིག་ཆ་མེད་པའི་མིའི༽ གྲས་སུ་བཅུག་ནས་སྐྱབས་བཅོལ་སྡོད་ཁང་ནས་ཕྱིར་འབུད་སོགས་སྐྱོབ་གསོའི་ཐོབ་ཐང་ཅི་ཡང་མེད་པ་དང་ལས་ཀ་འཚོལ་རྒྱུའི་ཐོབ་ཐང་ཡང་མེད་པར་བརྟེན། འཚོ་ཐབས་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་དབེན་པས་མི་ཚེའི་མདུན་ལམ་མེད་པའི་ངང་ལུས་ཉེན་འདུག  ད་ལྟའི་ཆར་སྐྱབས་བཅོལ་སྙན་ཞུ་༡༩༦    ལས་༤༠ ཐག་གཅོད་འདི་འདྲ་བྱུང་བ་དང་གྲངས་འབོར་དེ་ད་དུང་འཕེལ་བཞིན་འདུག
སྤྱིར་བཏང་སྐྱབས་བཅོལ་གྱི་སྙན་ཞུ་ཕུལ་དུས་སྒེར་གྱི་གནས་ཚུལ་ཁོ་ནར་ཞིབ་འཇུག་གི་གྲུབ་འབྲས་གཞིར་བཞག་ཐག་གཅོད་བྱེད་དགོས་པ་དང་བྱེད་ཀྱི་ཡོད་ཀྱང་། ད་ལྟ་གཏན་འབེབས་བྱེད་བཞིན་པ་དང་བྱེད་ལུགས་འདིའི་ཤུགས་རྐྱེན་གྱིས་བོད་མི་མང་པོ་ཞིག་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག སེ་པན་ལ་བཅའ་སྡོད་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་གསུང་གསལ་ “བོད་ཀྱི་དོན་གཅོད་སྐུ་ཞབས་དངོས་གྲུབ་རྡོ་རྗེ་ལགས་མཉམ་དུ་ང་རང་སྦེལ་ཇེམ་གཞུང་གི་འབྲེལ་ཡོད་མི་སྣ་ཁག་མཇལ་ཏེ་གནས་ཚུལ་དེའི་འོག་འཚུད་པའི་བོད་མི་སྐྱབས་བཅོལ་བ་ཚོར་རོགས་རམ་གང་ཡོང་གནང་རོགས་ཞེས་འབོད་སྐུལ་ཞུས་ཀྱང་།  གནས་བབས་དེ་ལས་སླ་པོར་འགྱུར་བ་འགྲོ་ས་མེད་པ་ཞིག་རེད་འདུག་པས། ད་དུང་དེ་ལ་རེ་བ་བརྒྱབ་ན་རེ་སྟོང་ཞིག་རེད་བསམས་ཀྱི་འདུག   ང་ཚོས་ཤེས་རྟོགས་ལ་ཕ་རན་སིའི་ནང་ལ་ཡང་དེ་འདྲ་ཡིན་པ་དང་།  རེ་འགས་བཤད་སྟངས་ལ་ད་དུང་དེ་ལས་སྡུག་ག་ཡོད ” ཅེས་བརྗོད་ཀྱི་འདུག གནམ་གྲུའི་འཛིན་བྱང་དང་ཤོག་གུ་ཉོ་ཆེད་ཨ་སྒོར་སྟོང་ཕྲག་མང་པོ་གཡར་ནས་ཡུ་རོབ་ལ་ཡོང་མཁན་དེ་ཚོར་དམིགས་བསལ་དཀའ་ངལ་འཕྲད་རྒྱུ་ཉག་ཅིག་རེད་འདུག “གཞན་ཕན་ཞེས་ཁྲིམས་རྩོད་དང་བླངས་ཀྱི་རོགས་ཚོགས་དང་སྐྱབས་བཅོལ་ཞུ་མཁན་ལ་དཀའ་ངལ་དེ་སྐོར་བཀའ་མོལ་ཞུས་རྗེས་དཀའ་ངལ་དེ་སྐོར་ང་རང་གི་སེམས་འཚབ་ད་དུང་ཆེ་རུ་ཕྱིན་སོང་”ཞེས་སུད་སིར་བཅའ་སྡོད་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་ཀྱིས་གསུངས་འདུག  ཡང་ཁོང་གིས་ནན་པོའི་ངང་གསུངས་པར་“སྐྱབས་བཅོལ་རག་རྒྱུའི་གནས་ཚུལ་སྡུག་ཏུ་འགྲོ་བཞིན་པ་དེ་ཤེས་བཞིན་དུ་སྐྱབས་བཅོལ་ཞུ་འདོད་ཅན་གྱི་བོད་མི་སྒེར་པ་དང་ཁྱིམ་ཚང་ལ་དངུལ་གཡར་བ་དེ་ནི་དོ་འཁུར་མེད་པའི་བྱ་སྤྱོད་ཡིན་པས་དངུལ་དེ་ཚུར་རག་རྒྱུའི་ཐོབ་ཐང་མེད་པ་ཆགས་སྲིད་པའི་སྟེང་།  ཁོང་ཚོར་དངུལ་གཡར་ནས་ད་ཆ་ཁོང་ཚོ་དཀའ་ངལ་དེ་འདྲའི་ནང་འཚུད་པའི་སྐབས་ཁོང་ཚོའི་དཔལ་འབྱོར་གྱི་དཀའ་ངལ་དེ་སེལ་རྒྱུའི་འགན་འཁྲི་ཡང་ཡོད། ཅེས་བཀྲས་མཐོང་དབང་པོ་ལགས་ཀྱི་གསུང་འདུག
འབྲེལ་ལམ་ཞུས་ན།
བཀྲས་མཐོང་དབང་པོ།  ༠༠༤༡ ༧༨ ༧༤༤  ༣༠ ༡༠
ཐུབ་བསྟན་དབང་ཆེན། ༠༠༣༤ ༦༥༤ ༨༦༥  ༦༥༥(info2@casadeltibetbcn.org)

སུད་སིའི་ནང་གི་རྒྱབ་ལྗོངས་གནས་ཚུལ་ལ་དཔྱད་ཞིབ་བྱས་པའི་དྲན་ཐོ།།
༄༅། །ཉེ་ཆར་གྱི་ཐག་གཅོད་གསར་པ་དེ་ནི་སུད་སིའི་ནང་སྐྱབས་བཅོལ་ཁྲིམས་ལུགས་གཏན་འབེབས་དེ་དེང་སང་དམ་ནས་དམ་དུ་འགྲོ་བ་དང་གཅིག་མཐུན་ཡིན་པས་བོད་མི་རྐྱང་པར་དམིགས་པ་ཞིག་མ་རེད། སུད་སི་གཞུང་གི་དམིགས་ཡུལ་གཙོ་བོ་ནི་རྒྱལ་ཁབ་ཀྱི་སྐྱབས་བཅོལ་ཁྲིམས་ལུགས་འདི་བཞིན་བེད་སྤྱོད་ལོགས་པ་དེ་བཀག་ནས་ ༡༩༥༡ གི་མཐུན་གྲོས་གཞི་བཟུང་ཆབ་སྲིད་བཙོན་པར་སྐྱབས་བཅོལ་གྱི་ཐོབ་ཐང་ཁག་ཐེག་བྱེད་རྒྱུ་དེ་རེད། ད་བར་བོད་མིར་འཛིན་པའི་སྐྱབས་བཅོལ་ཐག་གཅོད་དེ་གུ་ཡངས་ཡིན་པས་འདས་པའི་རིང་རྒྱ་གར་དང་བལ་ཡུལ་ནས་བོད་མི་མང་པོ་ཞིག་སུད་སིར་གནས་སྤོས་བྱེད་ཐུབ་ཡོད། ཁོང་ཚོ་མང་པོར་སྐྱབས་བཅོལ་གྱི་ངོས་འཛིན་ཐོབ་ནས་སྐྱབས་བཅོལ་གྱི་ཐོབ་ཐང་རག་པའམ་གལ་ཏེ་སྐྱབས་བཅོལ་གྱི་ཐོབ་ཐང་མ་རག་ན་ཡང་སུད་སིར་ཁྲིམས་མཐུན་ངང་བསྡད་ཆོག་པའི་ཐོབ་ཐང་ཐོབ་ཡོད། བོད་མི་ཚོ་སུད་སིར་ཡོང་ནས་སྐྱབས་བཅོལ་མ་ཞུས་གོང་རྒྱ་གར་དང་བལ་ཡུལ་ལ་བསྡད་པའི་དབང་གིས་བོད་མི་སྐྱབས་བཅོལ་ཞུ་མཁན་ཚོས་མཐུན་གྲོས་གྱི་ཆ་རྐྱེན་གཙང་མ་བསྒྲུབ་ཐུབ་ཀྱི་མེད་པ་དེ་ཁྲིམས་ལུགས་ཀྱི་དོན་ཚན་གྱི་གོ་དོན་ལ་འགྲེལ་བཤད་རྒྱག་སྟངས་ཀྱི་འགྱུར་བ་ཕྱིན་པ་རེད། སྔ་མ་ཡིན་ན་བོད་ས་བརྒལ་ནས་མ་ཡོང་གོང་བོད་རིགས་ཡིན་པའི་ཁུངས་སྐྱེལ་བྱེད་ཐུབ་ན་མཐུན་གྲོས་གྱི་རྩ་དོན་བཞིན་སྐྱབས་བཅོལ་ཡིན་པའི་ངོས་འཛིན་ཐོབ་ ཀྱི་ཡོད།
དེང་སང་སུད་སིའི་གཞུང་གི་འབྲེལ་ཡོད་མི་སྣས་སྐྱབས་བཅོལ་ཞུ་མཁན་དེས་དོ་བདག་སོ་སོའི་ངོ་སྤྲོད་ཡིག་ཆ་འདོན་རྒྱུར་གལ་ཆེན་བརྩིས་ནས་གལ་ཏེ་དོ་བདག་སྒེར་པ་ཞིག་གིས་དེ་འདྲའི་ཡིག་ཆ་མ་བཏོན་པའམ་འདོན་རྒྱུ་མེད་ན་དོ་བདག་དེའི་སྔ་མའི་འབྱུང་ཁུངས་སྦས་ཀྱི་ཡོད་པར་ངོས་འཛིན་བྱས་དང་བྱེད་བཞིན་པས། སྐྱབས་བཅོལ་ཞུ་མཁན་དེས་མཐུན་གྲོས་ཀྱི་དོན་ཚན་ནང་གསལ་གྱི་ཆ་རྐྱེན་བསྒྲུབ་ཀྱི་ཡོད་མེད་རྩད་གཅོད་བྱེད་ཐུབ་ཀྱི་ཡོད་མ་རེད།  དེ་འདྲ་སོང་ཙང་བོད་མི་ལ་སྐྱབས་བཅོལ་གྱི་ཐོབ་ཐང་ངམ། སུད་སིར་བསྡད་ཆོག་པའི་ཐོབ་ཐང་སྤྲད་ཀྱི་མ་རེད། དེས་ན་སུད་སིའི་ནང་བོད་མི་མང་པོ་ཁྲིམས་འགལ་ངང་བསྡད་དང་སྡོད་བཞིན་པ་དེ་ཚོ་དུས་ཚོད་ངེས་མིན་ལ་འཛིན་བཟུང་བྱེད་རྒྱུའི་ཉེན་ཁའི་འོག་གནས་བཞིན་པ་རེད། དེ་འདྲའི་བོད་མི་ཚོའི་དཀའ་སྡུག་དེ་ང་ཚོས་ཤེས་རྟོགས་ཡོང་དུས་སེམས་འཚབ་ཆེན་པོའི་གནས་ཚུལ་ཞིག་ཆགས་ཀྱིས་དུག  གང་ལགས་ཞུས་ན། ཁོང་ཚོ་མང་པོ་ཞིག་ལ་ངོས་འཛིན་ལག་འཁྱེར་མེད་དུས་སྐྱབས་བཅོལ་གྱི་ཐོབ་ཐང་གང་ཡང་མེད་པའི་ངང་གནས་རྒྱུ་རེད།

Share this:
༡༧༡ ཀློག་གྲངས།